[A:༣བ]བཟང་ལས་གྲུབ་པས་ཐོག་གྲངས་པའི་གསེར་སྐུ། དངུལ་བྲེ་ཆེན་སུམ་བཅུ་རྩ་དྲུག་ལས་བཞེངས་པའི་མཆོད་རྟེན། དངུལ་ཀོང་ཆེ་བ་བྲེ་ཆེན་བཅོ་བརྒྱད་ལས་བཅོས་པ། དེ་འོག་བྲེ་ཆེན་བརྒྱད་ལས་བྱས་པ། ཆུང་ཤོས་བྲེ་ཆེན་ལྔ་རེ་ལ་བཟོས་པའི་དངུལ་ཀོང་ཕྱེད་ཉི་རྒྱ། རག་ཀོང་མི་ཚད་མ་བརྒྱ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མཛད་ནས། དགུང་ལོ་ཞེ་དྲུག་པ་ལྕགས་ཕོ་འབྲུག་གི་ཟླ་བ་བཅུ་གཉིས་ཉེར་གཉིས་ལ་གཤེགས། གདུང་ལ་རིང་སྲེལ། རིགས་ལྔའི་སྐུ་གསལ་བར་བྱོན་པ་སོགས་བསམ་གྱིས་མི་ཁྱབ། ས་ཆེན་གྱི་སྲས་བཞི། ས་པཎ་སྐུ་མཆེད་གཉིས། འཕགས་པ་དང་བདུན་འཇམ་དབྱངས་བདུན་རྒྱུད་བར་མ་ཆད། དེའི་བཅུང་འགྲོ་མགོན་ཕྱག་ན་ས་མོ་ཕག་ལ་འཁྲུངས། མཁྱེན་བརྩེ་མཐའ་ཡས། ཉི་འདུང་ལ་འཁོར་མུ་འགེལ་བ་སོགས་རྫུ་འཕྲུལ་བསམ་གྱི་མི་ཁྱབ། འདི་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན། ཉེར་དགུ་པ་མེ་མོ་ཡོས་ཀྱི་ཟླ་བ་བདུན་པའི་ཚེས་གཉིས་ལ་གཤེགས། ཟང་ཚའི་བཙུན་མོ་གཞན་ཞིག་ལ་སློབ་དཔོན་རིན་ཆེན་རྒྱལ་མཚན་ས་ཕོ་ཁྱི་ལ་འཁྲུངས། རྒྱུད་ལུང་རིག་མན་ངག་མང་དུ་མཁྱེན། ས་སྐྱའི་གདན་ས་བླ་མ་འཕགས་པ་རྒྱ་གར་བཞུགས་རིན་ལོ་དགུ་མཛད། རྒྱལ་པོས་གདན་དྲངས་ཞེས་གཉིས་པ་ས་མོ་ཡོས་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ་མེ་ཏོག་ར་བར་གཤེགས་སོ། ཡང་ཟང་ཚའི་བཙུན་མོ་གཞན་ཞིག་ལ་སློབ་དཔོན་ཡེ་ཤེས་འབྱུང་གསན་ས་ཕོ་ཁྱི་ལ་འཁྲུངས་འདི་དང་གོང་གཉིས་གུང་ཏ་གཅིག་རྒྱ་གར་བྱོན། རྒྱལ་བུ་ཧོ་དཀར་ཆེ་བའི་བླ་མཆོད་མཛད། སྐུ་ཡོན་ཤིན་ཏུ་ཆེ། སོ་བདུན་པ་ཤིང་ཕོ་ཁྱི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་ལྗང་ཡུལ་དུ་གཤེགས་སོ། འགྲོ་མགོན་ཕྱག་ན་དང། ཞཱ་ལུ་ཁྲི་དཔོན་གྱི་སྲས་སྐུ་ཞང་རྔ་སྒྲ་བའི་ལྕམ་མོ་མ་གཅིག་མཁའ་འགྲོ་འབུམ་ལ་དྷར་རྨ་པཱ་ལ་རཀྵི་ཏ་ས་ཕོ་འབྲུག་ལ་འཁྲུངས། བཅུ་གཉིས་པ་ལ་རྟག་གཉིས་ཐུགས་ལས་གསུངས། ཚོགས་སུ་ཆོས་གནང་བས་ཐམས་ཅད་ངོ་ཚར། འདིས་རྟེན་བཞེངས་དང། ཆོས་འཁོར་ལོ་བ་བསམ་གྱི་མི་ཁྱབ། གདན་ས་ལོ་བདུན་མཛད། སེ་ཆེན་རྒྱལ་པོས་སྤྱན་དྲངས། ཉི་ཤུ་པ་མེ་མོ་ཕག་སྨན་པོའི་ཚེས་བཅོ་བརྒྱད་ལ་གཤེགས། དེའི་སྲས་དྷརྨཱ་བྷ་ཏྲ་དགུང་ལོ་ལྔ་ལ་གཤེགས། སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཆུ་ཕོ་ཁྱི་ལ་འཁྲུངས། བཅུ་དྲུག་པ་ལ་འཕགས་པ་དང་མཇལ་ཆོས་མང་དུ་གསན། ཉེར་གཅིག་པ་ལ་གོང་དུ་སྤྱན་དྲངས། གདུང་རྒྱུད་ཡིན་མིན་གྱི་ཕྲ་མ་གསན་པས། རེ་ཞིག་སྨན་བཙེར་འབྱོན་