[A:༦༢] མཆོག་ཕྱག་ན་པདྨོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། འཕགས་པའི་ཡུལ་དུ་འཆི་མེད་གྲུབ་པའི་དབང་ཕྱུག་ཛཻཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་དང་། གངས་ཅན་གྱི་ལྗོངས་འདིར་བརྩེ་ཆེན་ཀུན་དགའ་སྙིང་པོ་དང་། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་སོགས་དམ་པའི་སྐྱེས་བུ་བརྒྱུད་མར་འཁྲུངས་ཤིང་། སྐུ་ཚེ་འདིར་ཡང་གསུང་བྱེ་བ་ཙམ་ནས་ཨ་ར་པ་ཙ་ན་དྷཱི་ཞེས་གསལ་བར་གསུངས་པས་མཚོན་མཁྱེན་རབ་ཀྱི་པདྨོ་བྱེ། ཐུགས་རྗེའི་གྲིབ་བསིལ་རྒྱས། དམ་པས་བསྔགས་པའི་ཡོན་ཏན་ཐམས་ཅད་ལ་དབང་འབྱོར། ཡབ་རྗེ་དང་། རྗེ་བཙུན་མཁའ་སྤྱོད་དབང་མོ། ཐར་རྩེ་ནམ་མཁའ་བསམ་གྲུབ། བྲག་རྩ་བ་བློ་གསལ་བསྟན་འཛིན། ངོར་ཆེན་སངས་རྒྱས་ཡེ་ཤེས་སོགས་ཡོངས་འཛིན་དུ་མ་ལས་རང་ལུགས་གཙོ་བོར་གྱུར་པའི་གྲུབ་མཐའ་རིས་མེད་ཀྱི་དབང་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ལས་ལམ་འབྲས་སློབ་བཤད་སོགས་སྙན་བརྒྱུད་ཀྱི་སྐོར་ཡོངས་སུ་རྫོགས་པ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན། དཔལ་ཀྱེ་རྡོ་རྗེའི་གཞི་བསྙེན་ལན་གསུམ་སོགས་དུས་དང་། རྒྱུན་དུའང་ལྷག་པའི་ལྷ་སུམ་ཅུར་ཉེ་བ་སོགས་ཀྱི་སྒོམ་