R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༨༡
[A:༨༡] འགྲན་ཟླ་དང་བྲལ་བ་སྣེ་གདོང་རྩེ་ཚོགས་མཁན་ཆེན་ཡོལ་པ་གཞོན་ནུ་བློ་གྲོས། སྙན་བརྒྱུད་ཀྱི་མངའ་བདག་མཐུ་སྟོབས་ནུས་པའི་དབང་ཕྱུག་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་བཞི་ནི་ཐུགས་སྲས་ཀྱི་གཙོ་བོ་དང་། གཞན་ཡང་ཡབ་སྲས་གཉིས་ཀའི་སློབ་མ་མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་སོགས་མཐའ་ཀླས་སོ། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་སློབ་མ་མང་དུ་བྱོན་པའི་ནང་ནས་བོ་དོང་མཁན་ཆེན་རམ་སྡིང་མ་བ་བསླབ་གསུམ་རྒྱལ་མཚན། སྐུའི་དབོན་གནས་གསར་བ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཐུ་སྟོབས་ཀྱི་དབང་ཕྱུག་འབྲས་བུའི་སྔགས་འཆང་དགོན་གསར་བ་བསོད་ནམས་ཆོས་འཕེལ་གསུམ་ལས་རིམ་པར་བརྒྱུད་དེ། ཚར་ཆེན་རིན་པོ་ཆེའི་རྣམ་འཕྲུལ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། གནས་གསར་དབོན་རིན་པོ་ཆེ་མགོན་པོ་བསོད་ནམས་མཆོག་ལྡན། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཞྭ་ལུ་མཁན་རིན་པོ་ཆེ་བསོད་ནམས་མཆོག་གྲུབ། དཔལ་ནཱ་ལེནྡྲའི་མཁན་ཆེན་བཅོ་བརྒྱད་པ་ལྕེ་བཙུན་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། སྙིགས་དུས་བསྟན་པའི་ཉི་མ་མདོ་སྔགས་རབ་འབྱམས་སྨྲ་བའི་དབང་ཕྱུག་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ཁྱབ་བདག་བཀའ་