[A:༨༥] ཆོས་རྗེ་ངོར་པའི་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་རྟེན་འབྲེལ་དུ་གྱུར། དེ་ཡང་བར་སྐབས་སུ་སྡེ་དགེ་སྐུ་ཕྲེང་རིམ་བྱོན་བཞུགས་ཤིང་། ཕྱིས་སུ་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཐོག་མར་ཕེབས། དེ་རྗེས་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན་ཆེད་ཀྱིས་སྤྱན་དྲངས་ཏེ་ལྟར་སྣང་ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་། ལུང་རིགས་ཀྱི་བཤད་པ། ཆོ་གའི་ཕྱག་ལེན། སྙིང་པོའི་ཉམས་བཞེས་ཐམས་ཅད་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་སྲོལ་ཇི་ལྟ་བ་བཞིན་ཕྱེས། ངོར་ལུགས་དཀྱིལ་འཁོར་རྣམ་པ་ལྔས་མཚོན་པའི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། དེ་ནས་རིམ་པར་མཁན་ཆེན་སངས་རྒྱས་ཕུན་ཚོགས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་མི་འགྱུར་རྒྱལ་མཚན། ངག་དབང་ཆོས་སྐྱོང་བཟང་པོ། བྲང་ཏི་ནམ་མཁའ་འཆི་མེད། རྗེ་དེ་ཉིད་ཀྱི་སྐུའི་དབོན་དང་། ཐུགས་ཀྱི་སྲས་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྣལ་འབྱོར་འཇམ་དཔལ་བཟང་པོ་མཆེད་གཉིས་ཀྱི་བར་དུ་བྱོན་པ་དང་། གཞན་ཡང་འཇམ་མགོན་བཀྲ་ཤིས་དཔལ་ལྡན། མཁས་གྲུབ་སངས་རྒྱས་དཔལ་བཟང་། འཇམ་དབྱངས་སངས་རྒྱས་ཡེ་ཤེས། མཁས་བཙུན་ཀུན་དགའ་ཆོས་འཕེལ། བླ་མ་བཀྲ་