[A:༨༨] བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་མཁས་པ་མི་དགུ་ཞེས་གྲགས་པའི་ཡ་གྱལ་བྲང་ཏི་རྒྱལ་གཉེན་མཁར་ཕུག་དང་། བྲང་ཏི་ལོ་ཙཱ་བ་ཛ་ཡ་རཀྵི་ཏ་དང་། བྲང་ཏི་དར་མ་སྙིང་པོ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པའི་དམ་པའི་སྐྱེས་བུ་བར་མ་ཆད་པར་བྱོན་པའི་རྒྱུད་དུ་སྐྱེ་བའི་འཁྲི་ཤིང་བཟུང་སྟེ། གཞོན་ནུའི་དུས་ནས་བྱིས་པའི་སྤྱོད་པ་ལས་འདས་པའི་དམ་པའི་རིགས་ཀྱི་མེ་ཏོག་བྱེ། སྔོན་གནས་རྗེས་སུ་དྲན། སྡུག་བསྔལ་བདེན་པའི་མཚན་ཉིད་གཟིགས་ཤིང་ཅིར་ཡང་སེམས་སུ་རྟོགས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། དེ་ནས་ཤྲཱི་ཨེ་ཝཾ་ཆོད་ལྡན་ཐར་པ་ཆེན་པོའི་དགའ་བའི་ཚལ་གྱི་ཡང་རྩེར་ཕེབས་ནས་ཐུབ་བསྟན་རིན་པོ་ཆེའི་གདུགས་དཀར་པོའི་གྲིབ་མར་ཞུགས། ཕྱི་ནང་གི་རིག་གནས་དང་། དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་ཐམས་ཅད་ལ་བྱང་ཆུབ། ཀུན་ཏུ་དགོས་པའི་གཞུང་བདུན་དང་། རྒྱུད་ཆུང་བཞི་སོགས་མདོ་སྔགས་ཀྱི་གཞུང་ལུགས་དུ་མ་ཐུགས་ལ་བཟུང་ཞིང་ཐོགས་པ་མེད་པར་སྨྲ་བའི་པཎྜི་ཏར་གྱུར། ཁང་གསར་མཁན་ཆེན་ངག་དབང་ཆོས་སྐྱོང་བཟང་པོ་ལས་གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས། ལྷག་པར་གངས་ཅན་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱར་ཐུབ་བསྟན་ལྷ་ཁང་དུ་མཁན་ཆེན་བྱམས་པ་སྦྱིན་པ་བཀྲ་ཤིས་ལས་པཎ་ཆེན་ཤཱཀྱ་ཤྲཱི་དང་། འཇམ་དབྱངས་ས་