R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༥༨
[A:༥༨]ཀུན་དགའ་བློ་གྲོས་ཀྱིས་གཅུང་རྣམས་ལ་བླ་བྲང་ཁག་བཞིར་བགོས་ནས་གནང་བས། གཞི་ཐོག་བླ་བྲང་། བླ་བྲང་རིན་ཆེན་སྒང་པ། ལྷ་ཁང་བླ་བྲང་། དུས་མཆོད་བླ་བྲང་བཞིར་བྱུང་བ་ལས། གཞི་ཐོག་བླ་བྲང་ནི། མཁས་བཙུན་ནམ་མཁའ་ལེགས་པ་ནས་བདག་ཆེན་བློ་གྲོས་དབང་ཕྱུག་གི་བར་དུ་མཁས་གྲུབ་མང་དུ་བྱོན། བླ་བྲང་རིན་ཆེན་སྒང་པར། ཀུན་དགའ་ཉི་མ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཏེ་སྐུ་མཆེད་གསུམ་ལས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོར་གྱུར། སྙན་བརྒྱུད་རྒྱ་མཚོ་ལྟ་བུའི་བཀའ་བབས། གངས་ཅན་གྱི་མཁས་གྲུབ་ཕལ་མོ་ཆེས་ཞབས་པད་ལ་བཏུད་པས་ཐུགས་སྲས་ཀྱང་། སྔགས་ཀྱི་རྒྱལ་ཚབ་ཆེན་པོ་གཉིས། གསུང་གི་གསང་བ་འཛིན་པ་བརྒྱད། ཡོངས་གྲགས་ཀྱི་མཁས་པ་བཅུ་གཅིག་སོགས་བསམ་གྱིས་མི་ཁྱབ་པར་བྱོན་ཏེ། དེང་སང་གི་བར་དུ་རྗེ་བཙུན་ས་སྐྱ་པའི་ཚོགས་དང་། སློབ་མར་བཤད་པའི་སྙན་བརྒྱུད་རྣམས་མ་ཉམས་པར་གནས་པ་འདི་རྗེ་ཉིད་ཀྱི་ཕྲིན་ལས་ཁོ་ན་ཡིན། འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱི་སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན། དེ་སྲས་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེ་སྲས་རྒྱ་གར་བ་ཤེས་རབ་རྒྱལ་