R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 7b
[B:7b] ཆེན་པོ་དབུ་མ་ལ་ལོངས་སྤྱོད་ཆོག་པ་འདི་ཁོང་གི་སྐུ་དྲིན་ཡིན། [A:16]ཞབས་ཏོག་ཆེ་བ་ཅིག་མ་གྲུབ་ཅེས་ཡང་ཡང་གསུང་། ཐང་སག་པ་དེ་རྣམས་ཤིན་དུ་ཡ་མཚན་ཆེ་བར་འདུག ད་ལྟའི་དགེ་བཤེས་འདི་ཙམ་བཞུགས་པ་རྣམས་ཀྱིས་རྩ་འཇུག་གི་འགྲེལ་པ་ཕྱག་ཏུ་བླངས་ནས། འཆད་ཐུབ་པ་དཀའ་བར་འདུགཁོང་རྣམས་པ་ཚབ་ལོ་ཙ་བའི་ཕྲིན་ལས་ལ་བརྟེན་ནས་འགྲེལ་ཆེན་རྣམས་གསུང་བ་ཡིན་གསུང་ཞིང་། དུས་ཕྱིས་ཀྱང་ཐང་སག་པའི་ཕྱོགས་སུ་ཐུགས་ཀྱི་ཞེན་པ་ཆེན་པོ་མཛད་ཅིང་། གདན་ས་དང་ཆོས་འཆད་རྣམས་དང་གྲ་པའི་དར་རྒྱས་རྣམས་ལ་དྲི་བ་མང་དུ་མཛད་པ་ཡིན། སྟོན་ཆོས་དེ་པོ་ཏོར་མཛད་པ་ཐང་སག་པའི་ལུགས་ཡིན་པས་པོ་ཏོར་ཆོས་བར་ལ་བཞུགས། དེ་དུས་ཡར་འགྲོ་མར་འགྲོའི་སྐབས་ཤིག་ཏུ་ཆོས་རྗེ་རྒྱལ་སྲས་པའི་དངོས་སློབ་ཉན་པོ་བ་དཔལ་གྱི་རིན་ཆེན་དེ་ཉན་པོ་རྩེ་ནས་མཛོ་གཅིག་ཆིབས་ནས་བྱོན་པ་ཉེ་བར་བྱུངསྟེ་ཆོས་ནི་མི་ཞུས་གསུང་། ལན་ཅིག་སྲས་ཀྱི་རི་སྣ་གཅིག་ན་ཆོས་ཁྲི་གཅིག་གི་སྟེང་ན་གཞན་སྟོང་བ་རྟོགས་ལྡན་བློས་བཏང་ཉག་པོ་དེ་སྐྱ་སེར་མང་པོས་བསྐོར་ནས་ཆོས་གསུང་གི་འདུག་པས་ངེད་གཉིས་པ་ཅིག་གིས་ཅི་ཟེར་བལྟ་ཞིང་བགམ་དུ་འགྲོ་བར་བྱས་ནས་ཁོང་ལ་གཏད་ཕྱིན་པས་མི་གཅིག་ཚུར་རྒྱུག་བཅུག་བྱུང་ནས་དེ་ན་ཚུར་མི་ཕེབས་པ་ཞུ། ཕེབས་རིན་ཆོག་པ་མེད་ཟེར་ཁོང་ལ་མངོན་བར་ཤེས་པ་ཡོད་པ་འདྲ་གསུང་། དེ་ནས་སྟོན་མཇུག་སྤོ་ཏོར་བཞུགས་ཐོག་ཏུ་ཡུལ་ནས་ཕྱེ་རྐྱལ་དཀར་པོ་གྲོགས་མཆེད་གཉིས་ལ་འཇམ་པོ་དཀར་པོ་གཅིག་བསྐུར་ནས་སྤྱན་འདྲེན་དུ་བྱུང་པས་སྣམ་བུ་དེ་སློབ་དཔོན་ལ་ཕུལ་ནས་ཡུལ་དུ་ཕེབས། དེ་ནས་སློབ་དཔོན་བསམ་བཟང་པའི་སར་ཕེབས་པས་ཁྱེད་འཕན་ཡུལ་ལ་གྲོས་མེད་དུ་འགྲོ་བ་ཅི་ཡིན་གསུང་། དེའི་རྒྱུ་མཚན་ཞིབ་པར་ཞུས་པས་ལན་ཅི་ཡང་མི་མཛད་པར་འདུག་གསུང་། དང་པོ་གྲ་སྐོརསྔ་མ་མ་ཚར་བར་བྱ་བ་ཅི་མཛད་ཐམས་ཅད་སློབ་དཔོན་ལ་ཞུས། དེ་ཕྱིན་[A:17]ཆད་ནས་གང་བདེ་བ་ཡིན་པས་རེས་རྩེ་ཐང་དུ་བཞུགས་ནས་རྒྱུད་བླ་ཐུགས་ལ་བཟུང་། སློབ་དཔོན་སྟོན་ཤཱཀ་པ་ལ་རྒྱུད་བླའི་ཐོགས་མེད་འགྲེལ་པ་དང་བཅས་པའི་བཤད་པ་དང་། དེའི་ཞོར་ལ་ཇོ་ནང་ཀུན་མཁྱེན་ཆེན་པོའི་ཊཱི་ཀའི་ལུང་ཡང་གསན།