R908: དེབ་ཐེར་སྔོན་པོ།

  • Pagination (Witness A): 146
[A:146]པ་བཟང་བས་སྔགས་པ་ལ་བྱེད་དགོས་ཟེར། ལ་ལ་བཙུན་པ་ལ་བྱེད་དགོས་ཟེར། ལ་ལ་བོན་པོ་ལ་བྱེད་དགོས་ཟེར། དེ་ལྟར་ཁོང་རྣམས་ཁ་མ་འཆམ་པས། ངེད་རྣམས་ཁ་མི་འཆམ་པ་འདུག ཁྱེད་རང་གང་མོས་པ་ལ་གྱིས་ཤིག་ཅེས་སྨྲས་པས། མོ་ན་རེ། འོ་ན་ངའི་ཡོ་བྱད་ཀྱིས་ལྡེངས་པ་ཡོད་པས་གསུམ་ཀ་སྤྱན་དྲང་ངོ་ཟེར་ནས། མཆོད་གནས་སྡེ་གསུམ་སྤྱན་དྲངས་ཏེ། སྔགས་པ་ལ་འུག་པ་ལུང་པ། བོན་པོ་ལ་ཀེ་རྩེ་བ། བཙུན་པ་ལ་ཆུ་མིག་རིང་མོ་བ་གདན་དྲངས་སོ། །མཆོད་གནས་གསུམ་པོ་ན་རེ། འུ་ཅག་ཚོ་ལྷ་ཁང་ཅིག་བརྩིག་དགོས་ཟེར་ནས། གསུམ་པོ་འདུས་སྟེ་ལྷ་ཁང་སྟབས་སུ་བརྩིག་པའི་གྲོས་བྱས་པས་ལྷའི་གཙོ་བོ་ལ་མ་མཐུན་ཏེ། སྔགས་པས་རྡོ་རྗེ་སེམས་དཔའ་ལ་བྱེད་ཟེར། བཙུན་པས་ཤཱཀྱ་ཐུབ་པ་ལ་བྱེད་ཟེར། བོན་པོ་ན་རེ་གཤིན་རབ་མི་བོ་ལ་བྱེད་དགོས་ཟེར་བས། ལྷ་ཁང་སོ་སོ་བརྩིགས་སོ། །ལྷ་རྗེ་འུག་པ་ལུང་པས་སྒྲོ་ཕུག་པས་དམའ་བ་ཅིག་ཏུ་རྨང་བཏིང་སྟེ་བོན་པོ་དང་སྡེབས་ནས་བརྩིགས་པས། བོན་པོ་ན་རེ། ད་གདོད་ལྷ་བཞེངས་ཙ་ན་ཡང༌། ཡང་ན་ཁྱེད་ཀྱི་ལྷས་གཙོ་བོ་བྱས་ནས་ངའི་ལྷས་འཁོར་བྱེད་དགོས། ཡང་ན་ངའི་ལྷས་གཙོ་བོ་བྱས་ནས་ཁྱེད་ཀྱི་ལྷས་འཁོར་བྱེད་དགོས་ཟེར་བས། དེ་གཉིས་གང་བྱས་ཀྱང་ལེགས་པ་ཅིག་མི་འོང་བར་འདུག་ནས། ལྷ་ཁང་དེ་བོན་པོ་ལ་བྱིན་ཏེ། སྒྲོ་སྟོན་གྱིས་སྒྲོ་སྦུག་ཕུལ་ཏེ་དེར་ལྷ་ཁང་སྒྲོ་སྦུག་ཏུ་བརྩིགས་པ་ལགས་སོ། །དེ་ནས་ཡོན་བདག་གཉན་སྡེ་གསུམ་ན་རེ། ལྷ་ཁང་ལ་རྒྱ་ཕིབས་སུས་ཁེལ་བ་ལ་མེ་ཏོག་