R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༡༩ན
[A:༢༡༩ན]རྒྱལ་མཚན། རྗེ་བླ་མ་མཁྱེན་བརྩེ་ནས་འདྲའོ། ། ལུང་ལ། ལྷ་མོ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལ། ནོར་རྒྱུན་མའི་སྒྲུབ་ཐབས་དོན་ཡོད་རྡོ་རྗེ་དང་བ་རིའི་འགྱུར། གཟུངས་ཀྱི་མན་ངག་ཀཱིརྟྟི་ཙནྡྲ་དང་ཡར་ཀླུང་ལོ་ཙཱའི་འགྱུར། སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཐར་པཎ་གསུང་རྣམས་གོང་ལྟར། ༈ པཎྜི་ཏ་ཆེན་པོ་ཛ་མཱ་རི་ནས་བརྒྱུད་འཛིམ་ལོ་ཙཱ་བ་དང་ཁྲོ་ཕུ་ལོ་ཆེན་བྱམས་པའི་དཔལ་གྱིས་ཐུགས་གཙིགས་སུ་མཛད་པའི་འཕགས་མ་ནོར་རྒྱུན་མ་སེར་མོའི་རྗེས་གནང་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྒྱ་གར་ཤར་ཕྱོགས་ཀྱི་གྲུབ་ཐོབ་ཅིག་ལ། པཎྜི་ཏ་ཡ་མཱ་རིས་ཞུས། དེ་ལ་པཎྜི་ཏ་ཨཾ་བྷ་ཙརྱ། དེ་ལ་ཤཱཀྱ་སྲུང་བ། འཛིམ་ལོ་ཙཱ་བ། ཁམས་པ་རྡོར་རྒྱལ། རྒྱལ་ཚ་ལུང་མང་པོ། ཀུན་ལྡན་རས་པ།
འདི་གཉིས་ཀ་དཀྱུས་སུ་མེད།
ཁྲོ་ཕུ་ལོ་ཆེན་བྱམས་པའི་དཔལ་མན་ཆད་གོང་གསང་འདུས་ལྷན་སྐྱེས་དང་འདྲ། ལུང་ལ། པཎྜི་ཏ་ཛ་མཱ་རིའི་ལུགས་ཀྱི་འཕགས་མ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ་ལ། ཁྲོ་ཕུ་བའི་མན་ངག་བརྒྱ་རྩ་ལས་བྱུང་བའི་