[A:༢༩༩ན]བསྟན་པའི་ཉི་མ། འཇམ་མགོན་རྡོ་རྗེ་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན། དཔལ་ལྡན་བློ་གྲོས་རྒྱལ་མཚན། དེ་གཉིས་ཀ་ལས་འཇམ་དབྱངས་བློ་གཏེར་དབང་པོ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། །
༈ བཀའ་བབས་གསུམ་པ་གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་དམ་ཚིག་རྡོ་རྗེས་བཀྲལ་བའི་དཔལ་ཀྱེ་རྡོ་རྗེ་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་དང་བཞི་ལ་ལྷ་དགུ་དགུ་སྟེ་སོ་སོའི་དཀྱིལ་འཁོར་དུ་མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་གི་སྒྲུབ་དཀྱིལ་དབང་ཆོག་ནག་འགྲོས་མའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན། རྒྱལ་ཡུམ་རྡོ་རྗེ་བདག་མེད་མ། སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ། བྲམ་ཟེ་ནག་པོ་ཤཱནྟི་བྷ་དྲ། འགོས་ཁུག་པ་ལྷས་བཙས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། བརྩེ་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ།