R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣བ
[A:༣༣བ]པཎ་གྱི་ཡིག་ཆ་བཀླག་ཆོག་མའི་སྟེང་ནས་བྱིན་རླབས་སྒོམ་ལུང་དང་བཅས་པ་དང་། ཡང་ཀུན་མཁྱེན་བསོད་ནམས་སེང་གེའི་ཡིག་ཆ་ལ་ངག་ཆོས་ཀྱི་ཟུར་འདེབས་སྦྱར་བའི་སྟེང་ནས་བིར་སྲུང་ཐུན་མོང་མ་ཡིན་པའམ། ནང་མའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་སྒོམ་ལུང་དང་བཅས་པ་དང་། ངག་ཆོས་ཀྱི་ཡིག་སྟེང་ནས་ལམ་སྦས་བཤད་ཀྱི་བྱིན་རླབས་སྔོན་དུ་འགྲོ་བའི། བདག་ཆེན་གྱི་ཡིག་སྟེང་ནས་ཟབ་ཁྲིད་ཤིན་ཏུ་ཞིབ་པ་དང་། ནུབ་པ་རིག་འཛིན་གྲགས་ཀྱི་ཡིག་ཆ་ལ་ངག་ཆོས་ཀྱི་ལྷན་ཐབས་སྦྱར་བའམ། ཐར་པཎ་གྱི་ཡིག་ཆ་བཀླག་ཆོག་མའི་སྟེང་ནས་བིར་ལུགས་རྣམ་འཇོམས་ལྷ་དོན་ལྔའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང་། ངག་ཆོས་ཀྱི་ཡིག་སྟེང་ནས་བླ་མ་དོན་ཡོད་གྲུབ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པའི་བྱིན་རླབས། ཀུན་དགའ་བློ་གྲོས་ཀྱི་ཡིག་སྟེང་ནས་རྟེན་འབྲེལ་སྙིང་པོའི་སྲུང་བ་བྱིན་རླབས། ངག་ཆོས་ཀྱི་ཡིག་སྟེང་ནས་གསུང་ངག་རིན་པོ་ཆེའི་སྙིང་པོ་བརྡ་དོན་གསལ་བའི་བྱིན་རླབས་སྔོན་དུ་འགྲོ་བའི། བདག་ཆེན་གྱི་ཡིག་སྟེང་ནས་ཟབ་ཁྲིད་ཞིབ་རྒྱས། ངག་ཆོས་ཀྱི་ཡིག་སྟེང་ནས་དབང་བཞིའི་བརྡ་ཆིག་བརྒྱུད་དུ་བསྩལ་བའི་བྱིན་རླབས།