R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 310
[A:310]རླབས་ཐོབ་པའི་བརྒྱུད་པ་ནི། སེང་གདོང་མ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ར་ས་ཆོས་གྲགས། བླ་མ་དོན་ཡོད་རྡོ་རྗེ། པཎ་ཆེན་ནགས་ཀྱི་རིན་ཆེན། ལོ་ཙཱ་བ་མཉྫུ་ཤྲཱི། རྗེ་བསམ་གྲུབ་རྒྱལ་མཚན། མཁས་བཙུན་ཨཱ་ནནྡ་དྷྭ་ཛ། རྗེ་ནོར་བུ་ཕུན་ཚོགས། རྗེ་ལྷ་དབང་བློ་གྲོས། ངོར་པ་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང༌། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ས་ཆེན་ཀུན་དགའ་བསོད་ནམས། དེས་བདག་གོ ༈ །ནོར་ཅན་གྱི་རིགས་རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྗེས་གནང་དང་ཆོས་སྐོར་ལ། འདུལ་བ་ལུང་ལས། རྒྱལ་ཆེན་བཞི་པོ་སྔོན་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང༌། ཀླུ་དབུགས་དང་དབུགས་ཆེན་དུ་གྱུར་པ་བཞི་ཀས་སངས་རྒྱས་འོད་སྲུང་ལ་བསླབ་གཞི་གཟུང༌། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇིག་རྟེན་སྐྱོང་བར་སྨོན་ལམ་བཏབ། རྒྱལ་པོ་ཆེན་པོ་རྣམ་མང་ཐོས་པའི་སྲས་འདི་ཉིད་ཀྱི་གཟི་བརྗིད་མ་བཟོད་པར་ལྷ་མིན་གྱི་དཔུང་ཕྱིར་ལོག་པས་ལྷ་རྣམས་ངལ་བསོས་པས་ངལ་བསོས་པོ་དང༌། ལྷ་མིན་གྱི་གཡུལ་བཤམས་པའི་ཚེ་སེང་གེ་ཁྲོས་པ་ལ་བཞོན་ནས་བསྲུངས་པས་གནས་སྲུངས་པོ་དང༌། དུག་སྦྲུལ་ཆེན་པོར་སྤྲུལ་ནས་ལྷ་མིན་དབང་པོ་རབ་རྒོད་ཀྱི་དམག་རྣམས་མྱོས་པར་བྱས་པས་ལུས་ངན་པོ་ཞེས་མཚན་གྱི་རྣམ་གྲངས་མང་པོ་དེས་མུ་སྟེགས་ཀྱི་སྤྲང་པོ་ཉི་མའི་དངོས་གྲུབ་སོགས་བསྒྲལ་བས་མཐུ་ཆེ། འདོད་རྒུའི་དཔལ་འབྱོར་སྩོལ་བའི་ལྷ་མཆོག་ས་བརྒྱད་པའི་དབང་ཕྱུག་མདོ་རྒྱུད་ཐམས་ཅད་དང༌། ཁྱད་པར་གར་མཁན་མཆོག་གི་རྒྱུད་ལས་གསུངས་ཤིང༌། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཆོས་སྐྱོང་དུ་མངའ་གསོལ་བ་འདི་ལ། ཕྱི་འགྱུར་ལ་རྣམ་སྲས་ཀྱི་བཀའ་མི་འདྲ་བ་བཅོ་ལྔ་ཙམ་ཡོད་པ་ལས། འདི་ཉིད་ཀྱི་གོང་གནོན་དུ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་ནོད་དགོས་པ་ནི་གོང་དུ་སྨོས་ཟིན། སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོས་རྒྱུད་དང་མན་ངག་ལ་བརྟེན་ནས་