[A:415] སླར་ཞིབ་དཔྱོད་རིགས་ཤིང༌། མདོར་ན། ས་ལུགས་ཐམས་ཅད་བཀའ་འབུམ་བརྒྱུད་ལུགས་ཁོག་གཅིག་ལས་གྱེས་ཚུལ། རང་ལུགས་ནི་གོང་དུ་བཤད་པ་ལྟར་ཡིན་ཞིང༌། སྒྱི་ཆུ་བའི་ལུགས་ནི། ཐེག་ཆེན་ཆོས་རྗེ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། བདག་པོ་དཔལ་ལྡན་ཆོས་སྐྱོང༌། རྗེ་བཙུན་མུ་སྲད་པ་སོགས་དང༌། ངོར་ལུགས་ཀྱང་མཁན་ཆེན་བྱང་ཆུབ་སེང་གེ །ཤར་པ་ཡེ་ཤེས་རྒྱལ་མཚན། རྗེ་ངོར་ཆེན་སོགས་སོ། །འོ་ན་བྲག་ཐོག་གསན་ཡིག་སོགས་ལས། གཉན་ཕུ་བ་ཀུན་རྡོར་དང༌། ས་བཟང་པཎ་ཆེན་སོགས་འདུག་པ་རྣམས་ལ་དོན་མེད་དོ་ཞེ་ན་མ་ཡིན་ཏེ། དེའང་མུ་སྲད་པས་བརྒྱུད་རིམ་ངེས་པ་རྣམས་ལ་རྟགས་མཛད་ཀྱི། མ་ངེས་པ་གཞན་ཡང༌། ལུང་རྒྱུན་ཡོད་ལ་རྟགས་མེད་པ་མང་དུ་འདུག་པས། དེ་དག་ལས་ས་བཟང་སོགས་བརྒྱུད་པའང་ཡོད་ཐང་བས། ཐམས་ཅད་དགོངས་པ་མཐུན་ཞིང་ངོ་མཚར་བའི་གནས་སུ་ཤེས་པར་བྱའོ། །ཆོས་ཀྱི་རྗེ་རིན་ཆེན་རྒྱ་མཚོའི་གསན་ཡིག་ན། བླ་མ་པཎ་ཆེན་བསོད་ནམས་མཆོག་ལྡན་ལ། ས་པཎ་གྱི་བཀའ་འབུམ་ནས་པོ་ཏི་ཛ་ཛྷ་ཉ་གསུམ་དང༌། འཕགས་པའི་པོ་ཏི་ཊ་ཋ་ཌ་ཌྷ་སྟེ་བཞི་རྣམས་དང༌། སླར་བརྒྱུད་པ་བསྲེ་བའི་ཕྱིར་དུ་བླ་མ་པཎ་ཆེན་ཉིད་ལ་ལྡབ་ནས་ཞུས་པའི་བརྒྱུད་པ་ནི། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན་ཡན་གོང་བཞིན་ལས། དེ་ལ་འཇམ་དབྱངས་དཔལ་ལྡན་རྡོ་རྗེ། རབ་འབྱམས་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། བླ་མ་པཎ་ཆེན་ལ་བདག་རིན་ཆེན་རྒྱ་མཚོས་ཞུས། ཡང༌། ལུགས་གཅིག་ལ༑ འཇམ་དབྱངས་བྱང་དབང༌། སྔགས་འཆང་ཚེ་བཀྲས། རབ་འབྱམས་དཔལ་གྲུབ་བོ༑ ༑བརྒྱུད་པ་འདི་དག་པ་འདྲ་ཞེས། ཆོས་རྗེ་ཉི་མ་གླིང་པ་གསུང་ཞེས་སྣང་ངོ༌། ། བརྒྱུད་ལུགས་ཕྱི་མ་དག་པ་གངྒཱའི་ཆུ་རྒྱུན་ན་འདུག་པས་ཅུང་ཟད་སྤྲོས། ཞབས་དྲུང་བླ་ཆེན་དང་བླ་ཆེན་ཡེ་ཤེས་དབང་པོ་ནས་བརྒྱུད་པ་གཞན་དང་གཞན་དག་ན་རྒྱས་པར་