R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 429
[A:429]གཉན་ལོ་ཙཱ་བ་ཆེན་པོ་དར་མ་གྲགས་ཀྱིས་གདན་དྲངས་པ་སྲུང་མ་བརྒྱ་རྩ་ཙམ་གྱི་ནང་ནས་གཙོ་བོར་བཟུང་བ། བསྟན་པའི་བདག་པོ་ས་སྐྱ་པ་ལ་བཀའ་བབས་པ་གཉན་ཆ་ཆེ་བས་བཀའ་ཆེས་དམ་པར་མཛད། ཁྱད་པར་སྦས་པའི་མགོན་པོ་ལ་རིགས་མང་དུ་ཡོད་པའི་ནང་ནས། སྦས་པའི་མགོན་པོའམ། དམ་ཚིག་གི་མགོན་པོ་ཡིན་པས་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་བྲིས་འབུར་མི་བཞེངས། རེ་གཉིས་བྱུང་བ་དག་ཀྱང་ཡེ་མི་སྟོན་པ་སོགས་དམ་ཚིག་ཆེ་ཕྲ་ཀུན་ལ་གཅེས་པར་མཛད་པ་སྨིན་གྲོལ་གདམས་པའི་གནད་མཐའ་དག་མ་ཉམས་པ་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པར་སྙན་བརྒྱུད་དང་པོ་བྱིན་རླབས་རྗེས་གནང༌། གཉིས་པ་གདམས་པ་དངོས་གཞི། གསུམ་པ་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་ལོངས་སྤྱོད་ཀྱིས་མཉེས་པར་བྱ་བ་ལ་བརྟེན་ནས། སྙན་བརྒྱུད་བཞི་པའི་རྟེན་འབྲེལ་ཤུགས་ལ་འགྲིག་པ་སོགས་ཁུངས་བཙུན་གྱི་ཡིག་བཅའ་མང་པོ་ལས་འབྱུང་བའོ། །དེ་ཡང་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། དྲག་པོ་མི་སྡུག་ཁྲོས་པ་ནི། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །ཕྱག་བཞི་པ་ནི་ཆོ་ག་ཡི། །ཕྱག་ནི་ཐོད་པ་བསྣམས་པར་སྒོམ། །ཞེས་དངོས་སུ་བསྟན་ཅིང༌། དཔལ་མགོན་ཀླུ་སྒྲུབ་ཞབས། ཏ་ཐཱ་ག་ཏ་རཀྵི་ཏ། པཎྜི་ཏ་འབུམ་ཕྲག་གསུམ་པ། རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོ་སོགས་པཎ་གྲུབ་དུ་མའི་ཆོས་སྐྱོང་གི་གཙོ་བོ་མཛད་ཅིང༌། བོད་ཡུལ་འདིར་གཉན་མགོན་ཞལ་བཞི་པ་ཞེས་ཉི་ཟླ་ལྟར་གྲགས་ཤིང་དཔལ་ས་སྐྱ་པའི་བསྟན་སྲུང་གཉིས་པ་འདིའི་རྗེས་གནང་ཐོབ་ཚུལ་ལེའུ་དྲུག་པར་གསལ། ལུང་ཆ་ཤས་ཙམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། མགོར། རྒྱ་གར་སྐད་དུ། ཤྲཱི་མཧཱ་ཀཱ་ལ་སཱ་དྷ་ནན་ནཱ་མ། ནས། པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། ལོཙྪ་བ་གཉན་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ། །མཐའ་ཅན། མགོར། བླ་མ་དམ་