[A:454]དཔལ་གྲུབ། མཁྱེན་རབ་རྗེ། འཇམ་དབྱངས་ཆོས་རྗེ། རྗེ་དོན་ཡོད་རྒྱལ་མཚན་མན་གོང་འདྲ། རྣམ་སྲས་ཞི་དྲག་གི་བསྟོད་པ་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ཡི་གེ་མ་མོ་ལས་སྤེལ་བ་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུགས་སྲས་རིན་པོ་ཆེ་མན་གོང་འདྲའོ། །
༈ མཉམ་མེད་རི་བོ་དགའ་ལྡན་པའི་བཀའ་འབུམ་སྐོར་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་བསྡུས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སླར་བྲི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་བཀའ་འབུམ་ནས་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ། མཚན་བརྗོད་ཊཱི་ཀ ། སྒྲོལ་མ་རྩ་གཅིག་ཊཱི་ཀ་རྣམས་ཀྱི་ལུང་བརྒྱུད་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། དགའ་ལྡན་ཁྲི་པ། དགེ་འདུན་རྒྱལ་མཚན། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ། རྗེ་ངག་དབང་བློ་བཟང༌། མཁན་ཆེན་སྦྱིན་པ་རྒྱ་མཚོ། དེས་བདག་ལ་དགྱེས་པ་ཆེན་པོས་སྩལ་ལོ།
༈ །ཧྲཱིཿ དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ཐུགས་རྗེའི་ངོ་བོ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་བཀའ་འབུམ་མཐོང་གྲོལ་ཆེན་མོ་ནས་པུསྟ་ཀ་བཅུ་གསུམ་ཙམ་གྱི་ལུང་ཐོས་པའི་ཆོས་ཚན་ལ་སྔོན་ཆད་གོ་རིམ་ངེས་པའི་དཀར་ཆག་མི་འདུག་པས། འདིར་ཆོས་ཚན་གྱི་གོ་རིམ་རང་གི་སྒྲ་འཛིན་གྱི་བདུད་རྩིར་ཇི་ལྟར་བབས་པ་རྣམས་བརྒྱུད་པ་དང་བཅས་པ་ལ། གསུང་བ་པོའི་རྟོགས་པ་བརྗོད་པ། གང་དུ་གསུངས་པའི་གནས། གང་གི་ཕྱིར་གསུངས་པ། གང་གསུངས་པའི་ཆོས་ཏེ་བཞིའི་དང་པོ་ལ་གང་དུ་སྐུ་བལྟམས་པ་ལ་སོགས་པ་ཐུན་མོང་དུ་གྲགས་པའི་རྣམ་ཐར་དང༌། ཐུན་མོང་མ་ཡིན་པའི་རྣམ་ཐར།