[A:91]འཆང་ཆེན་པོ་རྣམས། རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ཇི་ལྟ་བུའི། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་གང་ལ་གང་འདུལ་གྱིས། གནས་ཕུན་སུམ་ཚོགས་པ་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་བོད་གངས་ཅན་གྱི་ལྗོངས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཕུན་སུམ་ཚོགས་པ་བྱང་ཕྱོགས་སོ་བདུན་གྱི་རང་བཞིན་འཇའ་ཚོན་གྱི་རྣམ་པ་རྒྱན་སྟུག་པོ་བཀོད་པ་དང་མཚུངས་པར་བྱིན་གྱིས་བརླབས་པའི་ཆོས་གྲྭ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་རྣམས་ན་འདི་ལྟ་སྟེ། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བ། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །ཞེས་དང༌། ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་རབ་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང༌། །རྐང་པ་ལེགས་པར་བཀྲུས་ཏེ་རབ་འཛེགས་ནས། །གདོང་དང་བཞིན་གྱི་མདོག་ནི་རབ་སྣུམ་ཞིང༌། ། ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ།། གཏམ་ཡང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །དགེ་སློང་དག་དང་དགེ་སློང་མ་དག་དང༌། ། དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང༌། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང༌། །མཁས་ཏེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །
དམ་ཆོས་པད་དཀར་ལས་གསུངས་སོ། །
གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་མཛད། །འཁོར་ཕུན་སུམ་ཚོགས་པ་དག་པ་རབ་འབྱམས་ནམ་མཁའི་མཐིལ་ཐམས་ཅད་ཡོངས་སུ་གང་བ་ལ་འདི་