R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 132
[A:132]གསལ་བྱེད་གཅིག་སྟེ། བིར་བསྲུང་གི་གསལ་བྱེད་བསྲུང་བ་གསུམ་དང་སྦྱར་བ། འདི་ནི་ངེས་པ་མི་འདུག་ཀྱང་འཕགས་པའི་དེར་སྦྱར་བདེ་བས་སྦྱར་བ་ཡིན་ནོ། །བཞི་པ་གཉག་མ་ཆ་ལག་དང་བཅས་པའི་གསལ་བྱེད་ལ་ཡི་གེ་བཞི་སྟེ། གཉག་མ་གསལ་བྱེད་ཀྱི། འཕྲོས་དོན་གསལ་བྱེད་ཀྱི། ལམ་འབྲིང་པོ་གསལ་བྱེད་ཀྱི། གཞུང་ཤིང་གསལ་བྱེད་ཀྱི་ཡི་གེའོ། །དང་པོ་ལ་གཉིས་ཏེ། གཞུང་བཤད་གསལ་བྱེད་བར་སྟོན་ཟིན་བྲིས། བདུད་རྩི་བསྟེན་པའི་གསལ་བྱེད་བཅུད་ལེན་ཞལ་ཤེས་སོ། །གཉིས་པ་འཕྲོས་དོན་གསལ་བྱེད་ལ་བཞི་སྟེ། འཁོར་འདས་དབྱེར་མེད་ཀྱི་ཟིན་བྲིས་བར་སྟོན་མ། རླུང་བཅུ་སོགས་ཀྱི་གགས་སེལ། རླུང་བཅུའི་གེགས་སེལ་ཕྲིན་ལས་སོ་གཉིས་ཀྱི་ཞལ་ཤེས་སོ། །གསུམ་པ་ལམ་འབྲིང་པོ་གསལ་བྱེད་ཀྱི་ཡི་གེ་གཉིས་ཏེ། ལམ་འབྲིང་པོའི་ཟིན་བྲིས་ཆེ་བ་དང་ཆུང་བ་གཉིས་སོ། །བཞི་པ་གཞུང་ཤིང་གསལ་བྱེད་ཀྱི་ཡི་གེ་གཉིས་ཏེ། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་གཞུང་ཤིང་གསལ་བྱེད་གཉག་སྙིང་པོ་རྒྱལ་མཚན་གྱི་དང༌། ཉན་ཆེན་པའི་ཁྲིད་ཡིག་གཉིས་སོ། ཁ་ཅིག་ཕྱི་མ་འདི་ཉན་ཆེན་པའི་གསུང་མ་ཡིན་པར་སྨྲའོ། ། རང་བྱིན་བརླབས་ཀྱི་དམིགས་པ་ཉེར་དགུ་དང༌། དམར་གྱིས་མཛད་པའི་བླ་མའི་རྣལ་འབྱོར་རིན་འབྱུང་མ་དང༌། གགས་སེལ་གྱི་ཡི་གེ་བཞིའི་ཞལ་གདམས་བླ་མ་དམ་པའི་ཕྱག་དཔེ་ལས་དགེ་སློང་དཔལ་ལྡན་གྱིས་བྲིས་ཞེས་པ་དང༌། སྦས་བཤད་འཕྲུལ་འཁོར་སོ་གཉིས་དང༌། བིརྺ་པ་དང་ས་ཆེན་མཇལ་བའི་ལོ་རྒྱུས་རྗེ་བཙུན་གྱིས་རྒ་ཐེང་ལ་བསྐུར་བ་ཡིན་ཟེར་བ་སོགས་འབྲི་བ་དང༌། ས་པཎ་གྱི་ཁྲིད་ཀྱི་དཀར་ཆག་དང༌། ཟངས་ཚའི་ཟིན་བྲིས་སོགས་མེད་མི་རུང་གི་ཡི་གེ་དུ་མ་འདོར་བ་ནི་ཤིན་ཏུ་མི་རིགས་ཏེ། དང་པོ་དམིགས་པ་ཉེར་དགུ་ནི། སཾ་པུ་ཊའི་རྒྱུད་འཆད་པའི་དུས་སུ་གསུང་བའི་ཞལ་ཤེས་ཡིན་གྱི༑ ལམ་འབྲས་ཀྱི་ཡན་ལག་མ་ཡིན་པའི་ཕྱིར་དང༌། བླ་མ་རིན་འབྱུང་ནི། དོན་དང་