R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 238
[A:238] མུན་པའི་རུམ་དུ་མར་མེ་བཏེག་ནས་འོང༌། སེང་ལྡེང་གི་ནགས་མ་གཡས་སུ་བསྒྱེལ་ནས་འོང༌། གླ་བའི་ནགས་མ་གཡོན་དུ་བསྒྱེལ་ནས་འོང༌། རྒྱ་ནག་ཡུལ་དུ་ཕྱྭ་གཡང་ཉམས། །བོད་དུ་བདེ་སྐྱིད་ཕུན་སུམ་ཚོགས། །བོད་ལ་ཁྲེལ་གདོང་མི་འདུག་གོ །ཟེར་ཏེ་བཤུམས་སོ། །དེར་ཡང་བློན་པོ་ཚོས་སླེབ་ཙ་ན། ཤགས་ཆེ། ཡུས་ཆེ་བ་བྱས་ཏེ། བློན་པོ་མགར་ན་རེ། སྤྱིར་རྒྱ་ནག་གི་མི་ཐམས་ཅད་ཀྱིས་བརྙས་པ་བྱས། གནས་མོ་རྒྱ་མོ་གཅིག་མིན་པ། སེམས་མཁན་མི་གཅིག་ཀྱང་མ་བྱུང༌། སྒོས་སུ་རྒྱ་ནག་རྒྱལ་པོས་ཉེ་རིང་ཆེན་པོ་བྱས། ལྷ་གཅིག་ཀོང་ཇོ་ཁྱེད་རང་ཡིན་ཀྱང་བོད་ལ་མི་དགའ་བ་ཇི་ཙམ་བྱས་ཟེར་བས། དེར་རྒྱ་མོ་བཟའ་སྐྱེངས་ཏེ་སྨྲ་རྒྱུ་མ་བྱུང་ངོ༌། །རྒྱ་མོ་བཟའ་ཀོང་ཇོ་གདན་དྲངས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། བཅུ་བཞི་པ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་དང༌། འཕྲུལ་སྣང་ར་མོ་ཆེ་རྣམས་ལེགས་པར་བཞེངས་པའི་སྐོར། དེ་ནས་ལྷ་གཅིག་ཁྲི་བཙུན་གྱིས། རྒྱ་མོ་བཟའ་རྩིས་ལ་མཁས་པར་ཤེས་ནས་བློན་པོ་མགར་ལ་ངོ་ཆེན་བཅོལ་ཏེ། གཡོག་མོ་ལ་གསེར་ཕྱེ་བྲེ་གང་ཡོན་དུ་བསྐུར་ནས། ལྷ་ཁང་བརྩིགས་པའི་ས་ཆ་གང་བཟང་བརྩི་བ་ལ་བཏང་ངོ༌། །དེར་རྒྱ་མོ་བཟས་ཀྱང་སྤོར་ཐང་བརྒྱད་ཅུ་སྐོར་གྱི་གབ་རྩེ་བཏིང་ནས་བརྩིས་པས། ཁ་བ་ཅན་བོད་ཀྱི་རྒྱལ་ཁམས་འདི། སྲིན་མོ་གན་རྐྱལ་དུ་ཉལ་བའི་གཟུགས་སུ་ཤེས། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་ཏུ་ཤེས། རི་གསུམ་པོ་འདི་སྙིང་གི་རུས་པར་ཤེས། ས་ཆ་འདི་སྲིན་མོའི་སྙིང་ཐོག་རང་དུ་འདུག་པས། མཚོ་འདི་བསུབས་པའི་སྟེང་དུ་ལྷ་ཁང་འདི་བརྩིག་དགོས། འདི་ན་ངན་སོང་གི་སྒོ་ཞིག་ཀྱང་འདུག་ར་མོ་ཆེའི་འོག་ན་ཀླུའི་ཕོ་བྲང་འདུག་སྟེ།