[A:239] ཇོ་བོ་བཞུགས་པ་འདིས་ནོན་པར་འདུག་གོ །ཀླུ་ཕུག་ན་ཀླུ་བདུད་ནག་པོའི་ཉལ་ས་འདུག་པ་ལྷ་ཁང་བརྩིགས་ལ་ཕྲོགས་ཤིག ལྷོ་ནུབ་ཟླ་བ་ཚལ་གྱི་དུག་ཤིང་གི་སྡོང་པོ་རྐང་གཅིག་གི་རྩ་བ་ན་ཐེའུ་རང་དང༌། མི་མ་ཡིན་གྱི་འདུས་ས་ཡོད་པ་གཏོར་ཅིག གྲིབ་ཀྱི་ཕུ་ནས་ཉང་བྲན་ཕུ་རུ། བཙན་གྱི་རྒྱུ་སྲང་ཡོད་པས་བར་ཆུ་ཁར་མཆོད་རྟེན་ཆེན་པོ་བཞེངས་ཤིག ཤར་ཕྱོགས་ན་ཆུ་སྲིན་དེའུ་ལ་འདྲིང་པ་ལྟ་བུའི་ས་དགྲ་ཡོད་པ་ལམ་གྲུམ་པ་རི་ཡིན། དེ་ལ་དུང་གཡས་སུ་འཁྱིལ་བ་ཞིག་གི་ཁ་སྟོན། ཤར་ལྷོ་ན་སྲིན་མོ་མདོམས་བཟེད་པ་འདྲ་བའི་ས་དགྲ་ཡོད་པས། བྱང་སྟོད་སེང་ཕུག་ཡིན། དེ་ལ་དབང་ཕྱུག་ཆེན་པོའི་ཁ་སྟོན། ལྷོ་ནུབ་ན་སྡིག་པ་ནག་པོ་བཟན་ལ་རུབ་པ་འདྲ་བའི་ས་དགྲ་ཡོད། ཡུག་མ་རིའི་ཤར་རི་འདི་ཡིན། དེ་ལ་བྱ་ཁྱུང་ཀེ་རུ་ཞིག་གི་ཁ་སྟོན། ནུབ་ན་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། ཤུན་གྱི་བྲག་རྩེ་འདི་ཡིན། དེ་ལ་རྡོའི་མཆོད་རྟེན་ཞིག་གི་ཁ་སྟོན། བྱང་ན་གླང་པོ་ཆེ་གཡུལ་དུ་ཞུགས་པ་འདྲ་བའི་ས་དགྲ་ཡོད། ཉང་བྲན་དགེ་རེ་གཉིས་ཀྱི་དབུས་རི་ཡིན། དེ་ལ་རྡོའི་སེང་གེ་ཞིག་གི་ཁ་སྟོན། དེས་ཉེ་བའི་ས་དགྲ་ཐམས་ཅད་ནོན་པ་ཡིན་ནོ། །དེ་ལྟར་ས་དགྲ་ཐམས་ཅད་མནན་པ་དང༌། ཡོན་ཏན་ཐམས་ཅད་ཕྱོགས་གཅིག་ཏུ་ཚང་སྟེ། ཤར་ན་རི་མཆོད་རྟེན་འདྲ་བ་ཡོད། བན་ཁོས་བང་བ་རི་ཡིན། ལྷོ་ན་རིན་པོ་ཆེ་སྤུངས་པ་འདྲ་བ་ཡོད། གྲིབ་ཀྱི་རྒྱབ་རི་འདི་ཡིན། ནུབ་ན་རི་མཉྫིའི་སྟེང་ན་དུང་ཕོར་བཞག་པ་འདྲ་བ་ཡོད། སྟོད་ལུང་བྲང་ཕུའི་རི་ཡིན། བྱང་ན་རི་པདྨ་ཁ་ཕྱེ་བ་འདྲ་བ་ཡོད། དགེ་རེ་ལྷ་ཕུའི་རི་ཡིན། གཞན་ཡང་ཉང་བྲན་འཕན་དཀར་གྱི་རི་ལ་དབུ་ལ་གདུགས། མལ་གྲོང་གི་རྒྱབ་རི་ལ་སྤྱན་ལ་ཉ། མདངས་མཁར་གྱི་བྲག་ལ་ལྗགས་ལ་པདྨ། གྲིབ་ཀྱི་འཁྱག་ཁྲོམ་