R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 142
[A:142]གསུམ་ཡོད་པའི་ཀུ་ཤ་ལ་རྒྱལ་པོ།
འདིས་རྒྱལ་ས་ཟླ་བ་གཅིག་
གོ་ལུག་རྒྱལ་པོ། ཐོ་གན་ཐི་མུར་ལྗ་དུ་ཏ་རྒྱལ་པོ། ཀུ་ཤ་ལའི་སྲས་རཏྣ་ཤྲི་རྒྱལ་པོ།
འདིས་རྒྱལ་ས་ལོ་བཅུ་གཅིག
དེའི་མཆེད་ཐོ་གན་ཐི་མུར་རྒྱལ་པོས་རྒྱལ་ས་ལོ་བཞི་བཅུ་ཞེ་བརྒྱད་བཟུང་ནས་རྒྱལ་ཁམས་ལ་དབང་ཐོབ་པ་ཡིན་ཞེས་
འདི་ནས་རྒྱལ་ས་རྒྱའི་ཏའི་མིང་རྒྱལ་པོ་ལ་ཤོར་ཟེར།
རྒྱ་ཧོར་གཉིས་ཀྱི་ཡིག་ཆ་དཻབ་ཐེར་ལ་མཁས་པ། ཙེན་ཚེ་སློབ་དཔོན་ཤེས་རབ་ཡེ་ཤེས་ཀྱིས་གུང་ཐང་དུ་བསྒྱུར་བ་ལས། སྡེ་གཙུག་ལག་ཁང་གཉིས་ཀྱི་བདག་པོ། རིགས་རུས་ཡོན་ཏན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ། ཚལ་པ་ཐམས་ཅད་མཁྱེན་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས་དེབ་ཐེར་དུ་བསྒྲིགས་པ་ལས་ཟུར་ཙམ་བསྡུས་པ་ཡིན་གྱིས། རྒྱ་ཧོར་གྱི་ཡིག་ཚང་རྒྱས་པར་ཤེས་འདོད་ན། དེབ་ཐེར་དེ་ཉིད་ལ་གཟིགས་ཤིག རྒྱ་ཧོར་གྱི་ཡུལ་དུ་དམ་པའི་ཆོས་དར་བ་དང༌། རྒྱལ་པོའི་རྣམ་གྲངས་ཇི་ལྟར་བྱོན་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། བཞི་པ། འཕགས་པ་པདྨོ་ལ་འཁྲུངས་པ་ལས། ཡི་གེ་དྲུག་པའི་ཕན་ཡོན་བསྟན་པའི་སྐོར། དེ་ནས་བོད་ཁ་བ་ཅན་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ནི། སྔོན་བཅོམ་ལྡན་འདས་འོད་མའི་ཚལ་ན་འཁོར་དགྲ་བཅོམ་པས་བསྐོར་ཏེ་བཞུགས་པའི་དབུས་སུ། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་ཁ་དོག་ལྔ་ཚང་བ་འཇའི་ཕུང་པོ་ལྟ་བུ་ཞིག་འཕྲོས་ཏེ། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སོང་བས། དེ་ལ་བརྟེན་ནས་གཟིགས་ཏེ་ཞལ་འཛུམ་པ་མཛད་པ་དང༌། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་བཤད་དུ་གསོལ་ཞེས་གསོལ་བས།
མདོ་སྡེ་པདྨ་དཀར་པོ་ལས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་