R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 144
[A:144]སྤྱན་རས་གཟིགས་ཀྱིས་འདུལ་བའི་ཞིང་ཁམས་སུ་གྱུར་པའི་རྒྱུ་མཚན་དེ་ཡིན་ནོ།། ཞེས་གསུངས་ཏེ། ཐུགས་ཀ་ནས་འོད་ཟེར་དཀར་པོ་པུན་ཌ་རཱི་ཀའི་མེ་ཏོག་ལྟ་བུ་ཞིག་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། ནུབ་ཕྱོགས་བདེ་བ་ཅན་དུ་སོང་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་མོ། །ཡང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་ཞིག་འཕྲོས་ཏེ། མཚོ་པདྨ་ཅན་དུ་ཐིམ་པར་གྱུར་ནས་མཐའ་འཁོབ་ཁ་བ་ཅན་འདུལ་བའི་སངས་རྒྱས་སྤྲུལ་སྐུ་གཅིག་འབྱོན་པར་ལུང་བསྟན་ནོ། །བདེ་བ་ཅན་གྱི་ཞིང་ཁམས་དེ་ན་རིན་པོ་ཆེ་གསེར་གྱི་ས་གཞི་ལ། མིག་མངས་རིས་སུ་བྲིས་པ་ལས། །འབྱུང་བ་ས་རྡོ་བྱ་བའི་མིང་ཡང་མེད། །ཡེ་ཤེས་གསལ་བའི་མེ་འབར་བས། །འབྱུང་བ་མེ་ཡི་མིང་ཡང་མེད། །ཡན་ལག་བརྒྱད་ལྡན་ཆུ་འབབ་པས། །འབྱུང་བ་ཆུ་ཡི་མིང་ཡང་མེད། ། བྱང་ཆུབ་ཤིང་གིས་མཛེས་པ་ལ། །ཤིང་རྩི་ནགས་ཀྱི་མིང་ཡང་མེད། །བསམ་གཏན་ཟས་ཀྱིས་འཚོ་བ་ལ། །བཀྲེས་ཤིང་སྐོམ་པའི་མིང་ཡང་མེད། །ཚུལ་ཁྲིམས་རྣམ་དག་གོས་གྱོན་པས། །སྣལ་མ་གོས་ཀྱི་མིང་ཡང་མེད། །རང་གི་འོད་དང་ལྡན་པ་ལས། །ཉི་ཟླ་བྱ་བའི་མིང་ཡང་མེད། །ཐམས་ཅད་བཟོད་པའི་སྟོབས་ལྡན་པས།། འཐབ་ཅིང་རྩོད་པའི་མིང་ཡང་མེད། །བདེ་བ་ཆེན་པོ་མ་ལགས་པ། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །མྱ་ངན་འདས་པ་མ་ལགས་པ། །འཁོར་བ་བྱ་བའི་མིང་ཡང་མེད། །སངས་རྒྱས་སྐུ་གསུམ་མ་ལགས་པ། །སེམས་ཅན་བྱ་བའི་མིང་ཡང་མེད། །རྡོ་རྗེ་ཚེ་ལ་མངའ་བརྙེས་པས། །རྒས་ཤིང་འཆི་བའི་མིང་ཡང་མེད། ། འབྱུང་བཞིའི་ལུས་འདི་མ་བླངས་པས། །ན་ཚ་བྱ་བའི་མིང་ཡང་མེད། །པདྨའི་སྡོང་པོར་རྫུས་སྐྱེས་པས། །སྐྱེ་བ་རྣམ་བཞིའི་མིང་ཡང་མེད། །བདེ་བ་ཅན་གྱི་ཞིང་