[A:145]ཁམས་དེ་ན། ཆོས་རྒྱལ་བཟང་པོ་མཆོག་ཅེས་བྱ་བ་བཞུགས་པ་དེས། སངས་རྒྱས་ལ་མེ་ཏོག་འབུལ་བ་ལ། མཚོ་པདྨ་ཅན་གྱི་འགྲམ་དུ། འཁོར་རྣམས་མེ་ཏོག་ཐུ་བ་ལ་བཏང་དུས་མཚོའི་ནང་ན་པདྨའི་སྡོང་པོ་ཆེན་པོ་གཅིག་ལ་ཡལ་ག་ནི་གཉའ་ཤིང་ཙམ། ལོ་མ་ནི་ཕུབ་ཙམ། དེའི་འདབ་མ་སྟོང་ལྡན་གྱི་དཀྱིལ་ན། ཟེའུ་འབྲུ་རྫ་མ་ཙམ་ཞིག་ལ་འོད་ཟེར་སྣ་ཚོགས་འཕྲོ་བ་ཞིག་མཐོང་ངོ༌། །མཐོང་ནས་ཀྱང་རྒྱལ་པོ་ལ་ཞུས་པས། ངོ་མཚར་སྐྱེས་ནས་གཟིངས་ཆེན་པོ་ཞིག་བྱས། མཆོད་པ་སྣ་ཚོགས་ཐོགས་ཏེ། རྒྱལ་པོ་འཁོར་བཅས་ཀྱིས་པདྨའི་སྡོང་པོ་དེའི་རྩར་བྱོན་ནས་མཆོད་པ་ཕུལ། སྨོན་ལམ་བཏབ་སྟེ་ཟེ་འབྲུ་དེ་ཚལ་པ་བཞིར་གཤགས་པའི་ནང་ནས་མཐའ་འཁོབ་ཁ་བ་ཅན་འདུལ་བའི་གཉེན་པོ་རྫུས་སྐྱེས་ཀྱི་སྤྲུལ་པའི་སྐུ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་ཤེལ་དཀར་གྱི་ཕྲེང་བ་འཛིན་པ། གཡོན་གྱི་འོག་མ་ན་པདྨ་དཀར་པོ་བཟུང་ནས་སྙན་གྱི་ཐད་དུ་ཁ་ཕྱེ་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། སྐུ་མདོག་གངས་རིའི་ཕུང་པོ་ལ་ཉི་མ་ཤར་བ་ལྟ་བུར་ཡོད་པ། རི་དྭགས་ཨེ་ན་ཡའི་ལྤགས་པ་ཕྲག་པ་གཡོན་པ་ལ་བཀལ་ནས་ནུ་མ་བཀབ་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་རིན་པོ་ཆེས་དབུ་བརྒྱན་པ། ཞལ་འཛུམ་ཞིང་ཡིད་དུ་འོང་བ། འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་བྱོན་པ་དང༌། རྒྱལ་པོ་འཁོར་དང་བཅས་པ་དགའ་ཞིང་མགུ་ལ་ཡི་རངས་པར་གྱུར་ཏེ། རོལ་མོ་དུ་མ་དང་བཅས་ནས་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་སོ། །དེ་ནས་རྒྱལ་པོས་སངས་རྒྱས་སྣང་བ་མཐའ་ཡས་ལ་འདི་སྐད་ཅེས་གསོལ་ཏོ། །པདྨ་