R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 172
[A:172]
འདུག
གཞན་ཡང་ཤིང་བསྲེགས་པའི་སྙིང་པོ་སོལ་བ། ཀོ་བ་བཞུ་བའི་སྙིང་པོ་ལ་སྤྱིན་བྱུང༌། ལྕགས་རྡོ། ཟངས་རྡོ། དངུལ་རྡོ་གསུམ་རྙེད་ནས། སོལ་བས་རྡོ་གསུམ་བཞུས་ནས། དངུལ་ཟངས་ལྕགས་གསུམ་བཏོན། ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བཅོས། །མཐུན་གཉིས་གཉའ་རུ་བསྡེབས་པས་ཐང་རྣམས་ཞིང་དུ་རྨོས། །རྒྱ་མཚོ་ཡུར་ལ་དྲངས་ནས་ཞིང་ལ་ས་བོན་བཏབ། །དེའི་གོང་ན་ཞིང་ལ་སོ་ནམ་མེད། ཡབ་གྲི་གུམ་བཙན་པོ་དང༌། སྲས་སྤུ་དེ་གུང་རྒྱལ་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར། སྟེང་གཉིས་བང་སོ་གཡའ་དང་སྤང་ལ་བཏབ། དེའི་ལག་དཔོན་རུ་ལ་སྐྱེས་ཀྱིས་བྱས་སོ། །སྤུ་དེ་གུང་རྒྱལ་གྱི་སྲས། ཨ་ཤོ་ལེགས། དེའི་སྲས་དེ་ཤོ་ལེགས། ཐི་ཤོ་ལེགས། དེའི་སྲས་གུ་རུ་ལེགས། དེའི་སྲས་འབྲོང་ཞེར་ལེགས། དེའི་སྲས་ཨི་ཤོ་ལེགས། དེ་རྣམས་བར་གྱི་ལེགས་དྲུག་ཟེར། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །དེའང་སྤང་ལ་འཇའ་ཚོན་རྒྱས་པ་འདྲ། ཨི་ཤོ་ལེགས་ཀྱི་སྲས། ཟ་ནམ་ཟིན་ལྡེ་དེའི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེའི་སྲས་སེ་བསྣོལ་ནམ་ལྡེ། དེའི་སྲས་ལྡེ་བསྣོལ་ནམ། དེའི་སྲས་ལྡེ་བསྣོལ་པོ། དེའི་སྲས་ལྡེ་རྒྱལ་པོ། དེའི་སྲས་ལྡེ་སྤྲིན་བཙན། འདི་རྣམས་ནི་སའི་ལྡེ་བརྒྱད་དོ། །ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། །དེའང་མཚོ་ལ་ཁ་བ་བབ་པ་འདྲ། རྒྱལ་པོ་ལྡེ་སྤྲིན་བཙན་གྱི་སྲས་ཁྲི་བཙན་ནས། དེའི་སྲས་ཁྲི་དགྲ་དཔུང་བཙན། དེའི་སྲས་ཁྲི་དེ་ཐོག་བཙན། འདི་གསུམ་ལ་འོག་གི་བཙན་གསུམ་ཟེར། བཙན་གསུམ་བང་སོ་གངས་དཀར་རྩེ་ལ་བཏབ། དེའང་གངས་ལ་ན་བུན་ཆགས་པ་འདྲ། ཁྲི་དེ་ཐོག་བཙན་གྱི་སྲས། ལྷ་ཐོ་ཐོ་རི་སྙན་ཤལ་ཞེས་བྱ་བ༑ འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་དེས། དགུང་ལོ་བརྒྱད་ཅུའི་བར་དུ་