R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 94
[A:94]པ་རྣམས་དང་། རྟོགས་ལྡན་དར་རྒྱལ་བ། གྲུབ་ཐོབ་དབུས་པ། བླ་མ་མཁའ་སྤྱོད་པ། སྒོམ་ཁང་པ་ཆོས་ཀྱི་རྒྱལ་མཚན་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་བྱོན་ནོ། །དེའི་སློབ་མ་ཆོས་རྗེ་རིན་ཚུལ་བ་ནི། ཡུལ་ཚ་རག་དབུས་སྡེའི་ཁང་གསར་དུ། ཡབ་དཔོན་དོན་ཡོད་བཟང་པོ་དང་ཡུམ་བྱང་ཆུབ་ལྡན་གྱི་སྲས་སུ་ཡོས་ལོ་ལ་འཁྲུངས། མཚན་གཞོན་ནུ་བཟང་པོར་བཏགས། བཅུ་གསུམ་པ་ལ་ཆུ་བཟང་དགོན་པར་མཁན་ཆེན་རིན་ཆེན་སེངྒེ་དང་། སློབ་དཔོན་རིན་བསམ་པ་ལས་རབ་ཏུ་བྱུང་སྟེ་མཚན་རིན་ཆེན་ཚུལ་ཁྲིམས་སུ་བཏགས། ལྷུན་གྲུབ་སྒང་དུ་བླ་མ་སེངྒེ་དཔལ་ལ་གུར་བརྟག་སཾ་གསུམ་གསན། སློབ་དཔོན་པ་ལས་ཕར་ཕྱིན་བྱང་བར་བསླབས། བཅོ་བརྒྱད་པ་ལ་མཁན་ཆེན་སངས་རྒྱས་གཞོན་ནུ་བ། ལས་སློབ་དར་མ་བཟང་པོ། གསང་སྟེ་བ་རིན་བཀྲས་པས་མཛད་དེ་བསྙེན་པར་རྫོགས། བུ་སྟོན་རིན་པོ་ཆེའི་དྲུང་དུ་ཕར་མངོན། སྤྱོད་འཇུག །ཡོ་ག་རབ་འབྱམས་གསན། དེ་ནས་ཡར་ཀླུང་ལྷུང་མོར་ཆོས་དཔལ་མགོན་པོའི་དྲུང་དུ་དུས་འཁོར་གྱི་དབང་དང་སྦྱོར་དྲུག་གསན་ཏེ་བསྒོམས་པས་ལུས་ངག་གི་ཉམས་རྡོལ། མྱང་སྟོད་དུ་ལ་སྟོད་པ་དབང་རྒྱལ་ལ་སྦྱོར་དྲུག་རྫོགས་པར་གསན་པས་རྟོགས་པ་འཁྲུངས་ཤིང་མངོན་ཤེས་དང་ལྡན། ཤངས་སུ་བླ་མ་རིན་ཆེན་སེང་བ་ལ་ལམ་འབྲས་གསན། དེ་ནས་བཟང་ལྡན་དུ་ཀུན་མཁྱེན་ཆེན་པོ་རྒྱུད་འགྲེལ་གསུང་བའི་དྲུང་དུ་བྱོན་པས། ཨེ་ཝཾ་གཟུངས་སྒྲུབ་གྱི་སྐབས་སུ་ཕེབས། དེའི་ཉིན་རང་ནས་བཤད་པའི་འཕྲོ་ལ་ཞུགས་ཆོག་པ་བྱུང་། དབང་རྒྱུད་བཤད་མན་ངག་ཕྲན་དང་བཅས་པ་ཡོངས་སུ་རྫོགས་པ། བྱམས་པའི་ཆོས་སྡེ་ཉི་ཤུ་སོགས་མང་དུ་གསན་ཅིང་དཔྱིས་ཕྱིན་པར་མཁྱེན། ལོ་ཙཱ་བ་བློ་གྲོས་དཔལ་བ་ལ་སེམས་འགྲེལ་གཉིས་སོགས་མང་དུ་གསན། དེར་གཅིག་ཤེས་ཀུན་གྲོལ་གྱི་གནད་གོ་བས། འཇམ་གསར་བའི་གསུང་ལས། ད་ནི་རྫོགས་པའི་སངས་རྒྱས་བྱོན་གྱུར་ཀྱང་། མྱུར་དུ་སངས་རྒྱ་བའི་ལམ་ནི་ཞུ་བསམ་མེད། གསུང་བ་བདེན་