[A:༡༨བ] གཞན་ཡང་སློབ་དཔོན་ཆེན་པོ་འཇམ་དབྱངས་ནམ་མཁའ་རིན་ཆེན་ལ། ས་སྐྱ་པཎྜི་ཏའི་བཀའ་འབུམ་གྱི་ལུང་བསན། བླ་མ་ཁྱུང་ཆེན་བཀྲ་ཤིས་བཟང་པོ་ལ། ཚོགས་བདག་དམར་ཆེན། དཀར་པོ་སྤྲེ་གདོང་ཅན་ལ་སོགས་པ་མང་དུ་བསན་ཅིང། དེ་ལ་སོགས་པ་ལུང་དང་མན་ངག་ཞུས་པའི་བླ་མ་རྒྱ་བཅུ་རྩ་བདུན་རྩམ་ཡོད་པར་གདའ་བ་ལས། ཆེ་ལོང་ཞིག་བྲིས་པ་ལགས་སོ། དེ་ནས་དབང་གཞིའི་དམ་ཚིག་ལ་གནས་ནས། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་དུས་རྟག་དུ་མི་གཡོ་བར་བརྩོན་འགྲུས་ཀྱི་ཤུགས་སྐྱེད་པས་ཉོན་མོངས་པའི་གཡུལ་ལས་རྒྱལ་ཏེ། དབང་བཅུ་མངའ་བའི་ཚུལ་ནི། སྐུ་ཚེ་ལ་དབང་པ་ཡིན་ཏེ། སྔར་དབུས་གཙང་ན་ཁོ་ལས་རྒན་པ་མི་འདུག་ཟེར་བ་གཅིག་ན་འཆི་བ་ཡིན་ཟེར་བ་དང། བདུན་བཅུ་རྩ་གསུམ་པའི་དུས་ཁོ་བོ་མི་འཆི། གདོད་འདོད་གཅིག་ནམ་གདོད་ཡིན། ངེད་སྦྱོར་བ་ཡན་ལག་དྲུག་ལ་ཉམས་ལེན་བྱེད་པ་རྣམས། དུག་དང་མཚོན་དང་གཡང་དུ་ལྷུང་ན་དང། འཕེན་པ་བཏང་ན་འཆི་བ་ཡིན་གྱིས། གཞན་སྲོག་ཙོལ་རླུང་གི་རྣལ་འབྱོར་བསྒོམས་པས། རྩ་རྣམས་རང་མལ་ལ་སོས། དེ་སོས་པས་རླུང་རང་གནས་སུ་ཚུད་པ་ཡིན། དེ་གཉིས་བྱུང་ན་འཆི་བ་མེད་གསུང། གྱ་ལྔ་པའི་དུས་གཞན་དག་གིས་འགྲོངས་པའི་རྒྱུ་མཚན་མང་པོ་གླེངས་པ་ན། ད་ལོ་མི་འཆི། གྱ་བདུན་པའི་དུས་ཁྱེད་རང་ཚེ་ཟོན་གྱིས་གསུང། གྱ་རྒྱད་པ་བཞེས་པའི་དུས་སྤྲེ་ལོ་ཟླ་བ་ལྔ་པའི་ནང་འཆི་ལྟས་ཤར་བ་ལ། ཟླ་བ་དགུ་པའི་ཚེས་གསུམ་ནས། བཅུ་གཅིག་བར་མཚམས་དམ་པ་ལ་བཞུགས་པ་ལས། ད་མཚམས་འགྲོལ། ལོ་གསུམ་ཚུན་བསད་ཀྱང་མི་འཆི་གསུང་ཏེ། ལོ་ལྔ་བར་བཞུགས། དེ་ལ་སློབ་དཔོན་པས་གྲི་རྒྱག་མཁན་མ་བྱུང་པ་དེ་ངས་བྱེད། གཡང་ལ་མ་ལྷུང་པ་དེ་ཁྱེད་རང་གིས་མཛོད། དུག་རང་མི་ཡོང། གཡོག་ནི་ངས་བྱེད། ཆ་རྐྱེན་ལ་འཐེག་ས་ནི་མེད་པས། འཕེན་པ་བཏོང་དོན་ཡང་མེད་ཞེས་ཀུ་རེ་ཞུ་