[A:༢ན] ཐར་དགེ་བཅུའི་བང་རིམ་ཅན། འདོད་དགུའི་དཔལ་འབྱུང་རིན་ཆེན་ཞིང་ལས་གྲུབ། དཔལ་ལྡན་བླ་མའི་རྣམ་ཐར་ཟུར་ཙམ་བྲི། ཅེས་དང། ལྷུན་པོ་དཔེར་བྱས་པ་ནི། སྨྱོན་དོར་དང། སྒྲོ་བཏགས་མ་ཡིན་པ། ཡོན་ཏན་ཇི་ལྟར་མངའ་བ་བཞིན་བརྗོད་པར་འདོད་པ་ཡིན་ལ། དེ་ཡང། བྱི
ས་
པ་སོ་སོ་སྐྱེ་བོ་རྣམས་ཀྱི་བློའི་ཡུལ་མ་ཡིན་པས་བདག་གིས་བརྗོད་པར་མི་ནུས་ནའང། དམ་པ་དེ་ཉིད་ཀྱི་ཞབས་ཀྱི་པད་མོ་ཡུན་རིང་དུ་བསྟེན་ཅིང་གསུང་ངག་ལ་འགྲིས་པ་དང། འཕྲལ་གྱི་ཀུན་སྤྱོད་ལ་དཔགས་ནས་ཕྱོགས་ཙམ་ཅིག་བརྗོད་པར་བྱའོ། ཞེས་བརྩམ་པར་དམ་བཅས་ནས་རྣམ་ཐར་དངོས་ནི། སྐལ་པ་གྲངས་མེད་དུ་མའི་སྔོན་རོལ་ནས། འགྲོ་ལ་ཐུགས་རྗེ་རྒྱས་པའི་སྤྱན་ཡངས་ཀྱིས། ལྷུམས་སུ་འཇུག་དང་གནས་དང་བསྟམས་པའི་ཚེ། ངོ་མཚར་ཁྱད་ལྡན་ཆོས་རྗེའི་ཞབས་ལ་འདུད། དེ་ཡང་འདི་སྐད་ཐོས་སྟེ། བདག་ཅག་སྙིགས་མའི་དུས་ཀྱི་སེམས་ཅན་རྣམས་ཀྱི་འདྲེན་པ་དམ་པར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་འབྱུང་གནས། ཆོས་ཐམས་ཅད་ལ་དབང་འབྱོར་བའི་དེད་དཔོན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། གཉག་ཕུ་པ་བསོད་ནམས་བཟང་པོ་ཞེས་གྲགས་པ་དེ་ཉིད། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ། ནམ་མཁའི་མཐས་ཀླས་པའི་ལུས་ཅན་རྣམས་ལ་ཟོལ་མེད་པའི་བྱང་སེམས་ཆེན་པོས་ཁྱབ་པར་མཛད་དེ། བླ་ན་མེད་པའི་བདེ་བ་
ལ་དགོད་པར་བཞེད་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། བརྩོན་པ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་བསྐྲུན་ནས། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར། ཉན་ཐོས་དང། རང་རྒྱལ་དང། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་པའི་ཚུལ་ལ་སོགས་པ་གང་ལ་གང་འདུལ་གྱི་རིམ་པས། འགྲོ་བ་མ་ལུས་པ་ལ་གང་ལ་གང་འཚམ་གྱི་ལེགས་ལམ་སྟོན་བཞིན་པ་ལས། ཁྱད་པར་མི་འཇེད་འཇིག་རྟེན་གྱི་ཁམས་འདིར། རྒྱལ་བའི་ཕྲིན་ལས་ཕྱོགས་བཅུར་