[A:༢༡ན] སྤྲུལ་བསོད་ནམས་བཟང་པོ་ཞེས། འཇིག་རྟེན་དབང་ཕྱུག་རང་གིས་མཁྱེན་ལ་འདུད། དེ་ཡང་རྗེ་རིན་པོ་ཆེ་ཉིད་ཀྱིས། རྣམ་ཐར་ཆེན་པོ་རྣམས་ཀྱི་དོན་བསྡུས་ན། སྤྱན་རས་གཟིགས་དབང་བློ་གྲོས་རིན་ཆེན་དང། ས་ར་ནཱ་དང་དྷརྨ་ཀིརྟི་དང། པྲད་ཛྷ་ཨ་ལང་ཀ་ར་ཀ་མ་ལ། ཀརྨ་བོ་དྷི་རྒྱལ་བ་མཆོག་དབྱངས་དང། སྤོ་ཏོ་བ་དང་དུས་གསུམ་མཁྱེན་པ་དང། ཀརྨ་པ་ཤི་རང་བྱུང་རྡོ་རྗེ་དང། རོལ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས། སྐྱེ་བ་རྒྱུད་མར་བྱོན་པའི་སྤྲུལ་སྐུར་འདུད། ཅེས་སོགས་ཀྱི་སྟོད་པའི་ཞུ་ཚིག་ཕུལ། དེ་དུས་རྣམ་ཐར་མཐོང་བའི་ཚེ། ཀརྨ་པའི་རྣམ་པར་ཐར་པ་ནི་འདི་འདྲ་ཏེ། དཔལ་ལྡན་ཀརྨ་པ་ཆེན་པོའི་ཞལ་མངའ་ནས། ཐུགས་རྗེ་ཆེན་པོ་དང། མིང་ཡོངས་སུ་གྲགས་པ་ཀརྨ་པའི་བར་ན། རྒྱུད་པ་ཡོད་ཀྱང་ཉན་མེད་ཀྱང་ཉན་ཞེས་དང། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཐོད་རྒལ་བས་འགྲོ་དོན་བྱེད་ཅེས་པ། ང་རང་ཡིན་ཞེས་སོགས་ཀྱིས་ཐུགས་རྗེ་ཆེན་པོ་ཉིད། གདུལ་བྱའི་ཕྱིར་དུ་སྣ་ཚོགས་སུ་སྤྲུལ་བར་ཆེས་ཤིན་ཏུ་གསལ་ལ། སྔོན་རྒྱལ་པོ་གསོ་སྦྱིན་དུ་གྱུར་པའི་ཚེ་རྒྱལ་བ་རིན་ཆེན་གཙུག་གཏོར་ཅན་གྱི་དྲུང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན། མ་འོངས་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་ཡོངས་སུ་གྱུར་ནས། མགོན་པོ་བྱམས་པའི་བསྟན་པ་ལ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་མཛད་ཅིང། སླར་ཡང་རྒྱལ་པོ་སེང་གེར་གྱུར་པའི་ཚུལ་དང། དགའ་ལྡན་ན་ལྷའི་ལོ་ཁྲི་ཕྲག་གི་བར་དུ་གནས་པའི་བྱང་ཆུབ་སེམས་དཔར་མཛད་དེ་གཞུགས་པ་དང། གླིང་གཞན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་པདྨ་རྣམ་པར་རོལ་པ་ཞེས་བྱ་བར་སྤྲུལ་སྟེ་སེམས་ཅན་གྱི་དོན་མཛད་པ་དང། ཨིནྜ་བོ་དྷི་ས་ར་ནཱ། པདྨ་འབྱུང་གནས་ཀ་མ་ལ་ཤྲི་ལ་སོགས་པ་དང། ངོ་བོ་གཅིག་པར་རྒྱུ་མཚན་དུ་མའི་སྒོ་ནས་གསུང་ལ། བདག་ཉིད་ངོ་བོ་གཅིག་