[A:༢༨ན] དྲུག་གཞུགས། དེའི་རིང་ལ་སྤྲུལ་སྐུ་རིན་པོ་ཆེ་རབ་ཏུ་བྱུང། རྟོགས་ལྡན་ཞ་དམར་བས་བསྙེན་རྫོགས་མཛད། སེམས་ཙམ་ལུགས་ཀྱི་སེམས་སྐྱེད་ཀྱི་ཆོ་ག་དང། དུས་འཁོར་དང་བདེ་མཆོག་མཁའ་འགྲོ་རྒྱ་མཚོ། གསང་འདུས་གཉིས་མེད་རྣམ་རྒྱལ། རྟ་མགྲིན་ཡང་གསང་ཁྲོས་པ། ཚེ་དཔག་མེད་གྲུབ་རྒྱལ་མ་རྣམས་ཀྱི་དབང་དང། དེའི་ཚེ་ཁྲིད་ཀྱང་ཕུལ། སྐྱེ་བོའི་ཚོགས་དང་དེར་ལུས་པའི་ཆེ་བཙུན་རྣལ་འབྱོར་ཕོ་མོ། དཔོན་སློབ་གཉིས་ཀྱིས་བསྡུས་པའི། སྐྱེ་འགྲོ་རྣམས་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་མཐའ་ཡས་པས། ཐམས་ཅད་དགྱེས་ཤིང་ཚིམ་པར་མཛད། ཡར་ཐེགས་ཁར་བླ་དཔོན་བྱིན་གྱིས། ཞལ་མཛོམ་དུ་བསྙེན་རྫོགས་ཀྱི་བར་གཞུགས་པའི་ཞུ་བ་ནི་མཛད་གིན་འདུག། དངོས་སུ་ཞལ་གྱིས་གཞེས་པ་ནི་མ་མཐོང། གང་ལྟར་ནའང་སྤྲུལ་སྐུ་རིན་པོ་ཆེའི་བསྙེན་རྫོགས་དེ་ཙམ་གཅིག་མ་གཏོགས་ཚེ་འདིའི་བྱ་བ་ཚར་གསུང་པ་སྐབས་སུ་གསུང་བར་འདུག་ནའང། བསྙེན་རྫོགས་མ་འཕྲོད་པ་ནི། མིའི་དབང་པོ་གྲགས་པ་རྒྱལ་མཚན་པ་སྐུ་གཤེགས་པ་དང། དེའི་གདུང་ཕུལ་བ་ལ་བྱི་བ་ལོ་ཟླ་བ་དྲུག་པའི་ནང་། དཔོན་བཀྲ་ཤིས་འབྱུང་གནས་བྱོན། འདིར་ཡང་སློབ་དཔོན་པ་དང་ཁོང་རྣམ་གཉིས་ཉམ་འཛེར་གཅིག་བྱུང་པ་ལ་རྟེན་ནས། རྗེའི་དྲུང་དུ་སྤྲུལ་སྐུའི་བསྙེན་རྫོགས་མདོ་ཁམས་སུ་མཛད་པར་ཡོད་ཟེར་བའི་ཞུ་བ་ཕུལ། དེ་མི་བདེན་པ་ཆེ་གསུང་པ་ལན་གསུམ་གྱི་བར་དུ་བསྐྱར་བས། སྔ་མ་བཞིན་ཞུས། འོ་ན་ཁོ་བོས་དེའི་དབུག་གདེད་ལ་གདད་པ་ཡིན། གཞན་བྲེལ་བ་མེད་གསུང་ནས། ཞུ་ཡིག་ཕུལ་བ་ན་སླར་ཡང། སྐུ་སྐྱེ་ནམ་མཁའི་ནོར་བུ་ཞིག་མྱུར་དུ་ཤར་བ་ཡུད་ཙམ་མ་ཡིན། ལོ་བརྒྱའི་བར་དུ་བསྟན་པར་གཞུགས་གསོལ་འདེབས། གཞན་དུ་ནའང་དུས་གསུམ་མཁྱེན་པ་ཡི། གོང་ལོའི་ཚར་བར་ཅིས་ཀྱང་གཞུགས་པར་ཞུ། གསུང་པ་