[A:༣༡བ] ལོའི། ཧོར་གྱི་ལོ་གསར་དུས་ཞབས་སུ་བྱོན། དེ་དུས་ད་མིང་ཡང་རྗེད། མ་ཎི་ཡང་རྗེད། ཤིན་ཏུ་བཏུགས། སྐྱུག་བྲོ་བྱེད་པའི་གནས་ཡིན་གསུང་ནའང། མི་རྗེད་པའི་གཟུངས་ཐོབ་གསུང་པའི་ཚོད་དུ་འདུག་ཏེ། ལུང་གི་ཚིག་འདི་ན་འདི་ཡོང་རྒྱུ་ཡིན། འགྲེལ་པ་འདི་ནས་འདི་བཤད་རྣམསནི་ཆུ་འབབ་པ་བཞིན་དུ་འདུག་པའི་ཕྱིར། དེ་ནས་གྱ་ལྔ་གཞེས་པའི་དུས། སྣ་ཚོགས་དབྱིག་ཐེས་བྱ་བ་ཤིང་མོ་སྦྲུལ་གྱི་ལོ། རྗེ་པ་རང་གི་བསན་ཡིག་སྟེང་ནས། རྒྱུད་འབུམ་གཞེངས། དེའི་སྒྲོན་གྱི་ཟླ་བའི་ཚེས་བཅུ་བདུན་ནས་རྩམས་ཏེ། དེའི་ལོ་ཕྱི་མའི་གྲོ་ཞུན་གྱི་ཟླ་བའི་བར་ལ་དེའི་ལུང་རྫོགས་པར་གནང། དེའི་བར་ལ་འཇིགས་བྱེད་དགྲ་ནག། གདོང་དྲུག། གཤེད་མར་ལྷ་བཅུ་གསུམ་ལ་སོགས། དམར་ནག་དྲུག་གི་བསྒྲུབ་ཐབས། དབང་ཆོག་སྦྱིན་སྲེག་སོགས་ཀྱི་ཡིག་ཆའང་མཛད། དེ་ནས་གྱ་བརྒྱད་གཞེས་པའི་དུས། ཕུར་བུ་ཞེས་བྱ་བ་ས་ཕོ་སྤྲེའུའི་ལོའི་ཟླ་བ་ལྔ་པ་ལ། དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་མཛད། དེ་དུས་མེ་ཏོག་གི་ཆར་ཡང་སྐབས་སུ་བབ། དེའི་ཞོར་ལ་རྒྱུད་བླ་མའི་ཊིཀ་རྩིས། ཆོས་དྲུག། སྦྱོར་དྲུག། ནི་གུ་སོགས་ཁྲིད་ཕྲན་མང་པོའང་གནང་བའི་སྐབས་སུ། ཉིན་ཟླ་ནག་པོར་གཟིགས་པ་དང། རོ་རྐྱང་གི་རླུང་གི་འགྱུ་བའི་འཆི་ལྟས་ཤར་བས་འཆི་བ་འདྲ་གསུང། དེ་ཕྲལ་གཞན་རྣམས་སེམས་མ་བདེ་དགོས་ནས། འོན་ཀྱང་མི་སྐྱོན། བླ་མའི་མན་ངག་ཡོད་པས་རང་དབང་ཡོད། ཆོས་འཆད་འཕྲོ་ལ་ཤི་ནའང་དགེ་བཤེས་ཀྱི་སྐྱོན་མིན་གསུང་ནས། ཆོས་ཐུན་སྐྱེད་ནས་དུས་འཁོར་གསུངས་མ་ཚར་བའི་གོང་ནས་ཊིཀྐ་ཚར། རྒྱུད་ཊིཀྐ་གཉིས་སྔ་ཆོས་ཀྱི་ཆོས་མཛད་ནས་གསུངས། རྩོམ་པ་དང་ཆོས་གསུང་པའི་དུས་ཀྱང། ཤངས་བུག་དར་གྱིས་དགག་པ་མཛད་དེ། ཟླ་བ་བརྒྱད་པའི་ཉེར་བརྒྱད་ལ་ཐམས་ཅད་ཐུབ་པར་མཛད། དགུའི་ཉིན་དྲུང་རིན་པོ་ཆེ་སེང་གེ་དཔལ་