R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 101
[A:101] གསང་སྔགས་རྒྱུད་སྡེ་བཞི་པའི་བྱ་རྒྱུད་ལ་ཆུ་དང་ཅོད་པན་གྱི་དབང་དང༌། སྤྱོད་རྒྱུད་ལ་དེ་གཉིས་ཀྱི་སྟེང་དུ་རྡོ་རྗེ་དྲིལ་བུ་དང༌། མིང་གི་དབང་དང༌། རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་པོ་དེའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་རྗེས་གནང་དང་བཅས་པ་དང༌། ཐུན་མོང་བ་མིང་ཙམ་གྱི་གསང་དབང་དང༌། བླ་མེད་ལ་དེ་དག་གི་སྟེང་དུ་ཐུན་མོང་མིན་པའི་གསང་དབང་དང༌། ཤེས་རབ་ཡེ་ཤེས་དང་བཞི་པ་སྟེ། དབང་བཞི་ཡོངས་སུ་རྫོགས་པ་དང༌། དེ་དག་གི་ལམ་གྱི་རྩ་བ་དམ་ཚིག་དང་སྡོམ་པ་སྟེ། བྱ་སྤྱོད་ལ་མི་དགེ་བཅུ་སྤོང་བ་དང༌། བྱང་སེམས་ཀྱི་སྡོམ་པ་ཐུན་མོང་མ་ཡིན་པ་ཙམ་དང༌། རྣལ་འབྱོར་རྒྱུད་ལས། །རིགས་ལྔའི་སྡོམ་བཟུང་གི་ཟློག་ཕྱོགས་བཅུ་བཞི་ལ་བཞག་པའི་རྩ་ལྟུང་བཅུ་བཞི་དང་བླ་མེད་ལ་བླ་མེད་རང་གི་རྒྱུད་ནས་བཤད་པ་སློབ་དཔོན་དཔའ་བོས་བསྡུས་པ་ལྟར་གྱི་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད་དང་བཅས་པ་རྣམས་དང༌། ལམ་གྱི་ངོ་བོ་བྱ་རྒྱུད་ལ་ལྷ་དྲུག་གི་རྣལ་འབྱོར༑ སྤྱོད་རྒྱུད་ལ་ཕྱི་ནང་གི་བཟླས་བརྗོད་ཡན་ལག་བཞི་ལྡན། རྣལ་འབྱོར་རྒྱུད་ལ་དང་པོ་སྦྱོར་བའི་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌༑ ལས་རྒྱལ་མཆོག་གི་ཏིང་འཛིན་ཏེ། ཏིང་ངེ་འཛིན་གསུམ་མམ། བསྡུ་ན་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་གཉིས་དང༌། བླ་མེད་ལ་བསྐྱེད་རིམ་དང་རྫོགས་རིམ་སྟེ། རིམ་གཉིས་ཆ་ལག་དང་བཅས་པ་རྣམས་ཀྱི་རང་བཞིན་ཐུགས་སུ་ཆུད་ནས་ཉམས་སུ་བཞེས་ཤིང༌། བརྩེ་བས་ཉིན་དང་མཚན་དུ་འདོམས་པས། རྡོ་རྗེ་ཐེག་པའི་ལམ་གྱི་གནས་སྐབས་དང༌། མཐར་ཐུག་གི་བདེ་བ་ལ་འགོད་པར་མཛད་པའི་སྒོ་ནས་རྡོ་རྗེ་འཛིན་པའི་མཆོག་དཔལ་ལྡན་རྡོ་རྗེ་འཆང་དང་དབྱེར་མེད་པར་བཞུགས་པ་སྟེ། སྔར་བཤད་པ་ལྟར་གསང་འདུས་འཕགས་ལུགས་ཀྱི་སྒྲུབ་མཆོད་སྟོབས་ཆེ་