[A:100]འཇུག་ལ་སོགས་པ་ལ་གཞོན་ནུ་ཉིད་ནས་སྦྱངས་ཤིང་ལེགས་པར་གོམས་པས། ནམ་མཁའི་སྙིང་པོའི་མདོ་དང༌། བྱང་ས་ནས་གསུངས་པའི་བྱང་སེམས་ཀྱི་རྩ་ལྟུང་དང༌༑ སྦོམ་པོ་དང༌། ཉོན་མོངས་ཅན་དང༌། དེ་མིན་གྱི་ཉེས་བྱས་ལ་སོགས་པའི་བཅས་མཚམས་ལ་མཁས་པའི་ཕུལ་དུ་ཕྱིན་ཞིང༌། ཇི་ལྟར་བཤད་པའི་མཚམས་ལས་ནམ་ཡང་མ་འདས་པར་མཛད་པས། བྱང་སེམས་ཀྱི་སྡོམ་པའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པ་ཡིན་ནོ། །གསང་སྔགས་སྡོམ་པའི་ཡོན་ཏན་རྫོགས་ཚུལ་ནི། སྐལ་བཟང་སྐྱེ་བོའི་འཇུག་ངོགས་བླ་ན་མེད།། ཟབ་མོ་རྡོ་རྗེ་ཐེག་པའི་དགའ་སྟོན་གྱིས། །རང་གཞན་རྟག་ཏུ་བདེ་ལ་འགོད་མཛད་པའི། །རྡོ་རྗེ་འཛིན་པའི་མཆོག་ལ་གུས་ཕྱག་འཚལ། །ཅེས་པ་སྟེ། རྡོ་རྗེ་ཐེག་པ་ནི། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་ཨུ་དུམ་ཝ་རའི་མེ་ཏོག་ལས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན་ཞིང༌། དེ་བས་ཀྱང་གསང་སྔགས་འཇིག་རྟེན་དུ་འབྱུང་བ་དཀོན་ཏེ། མར་མེ་མཛད་ནས་ཤཱཀ་ཐུབ་ཀྱི་བར་གྱི་སངས་རྒྱས་གཞན་གྱིས་མ་གསུངས་པར་སྒྲོན་གསལ་སོགས་ནས་བཤད་པ་ལྟར་ཤིན་ཏུ་རྙེད་དཀའ་བ་དང༌། གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཞེས་པ་ལྟར་སྤྱི་དོན་ཆེ་བ་དང༌། མདོ་སྔགས་སོ་སོའི་ལམ་གྱི་འཚང་བརྒྱ་བ་འདོད་པའི་ཕྱོགས་ལ་ཡང༌། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་སོགས་ལྟར་གདུལ་བྱ་ཤིན་ཏུ་དབང་རྣོན་གྱི་ཆོས་སུ་བཤད་པ་དང༌། མདོ་སྡེའི་ཕྱོགས་རྐྱང་པས་འཚང་རྒྱ་བ་མི་སྲིད་ཀྱི། སྔགས་ཀྱི་ལམ་གནོན་དགོས་པར་མང་དུ་གསུངས་པ་རྣམས་ནི་དོན་ལ་གནས་པ་སྟེ་རྒྱུ་མཚན་དུ་མའི་སྒོ་ནས་སྐལ་བ་མཆོག་དང་ལྡན་པའི་སྐྱེ་བོའི་འཇུག་ངོགས་ཟླ་མེད་པ་ཡིན་ལ།