R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 49
[A:49]ནས་ཉིན་མཚན་མེད་པར་འབད་དོ། ། གསུམ་པ་ནི། རང་གི་ལྟ་བ་དང་སྤྱོད་པ་སོགས་ཀྱི་ཡོན་ཏན་གཞན་ལ་ཇི་བཞིན་འཕོས་པ་མ་བྱུང་ནའང༌། ཡིད་དགའ་ཙམ་བྱེད་པ་ཤིན་ཏུ་མང་ལ། ཆ་ཤས་འཕོས་པའང་མང་པོ་ཡོད་དོ། །ཚུལ་ཁྲིམས་ཀྱི་བསླབ་པ་ནི། རྟ་ནགདགེ་འཕེལ༑ ཆོས་འཁོར། རྒྱ་མཚོ་སོགས་སུ་བྱས་པ་ཀུན་གྲིལ་ན། རབ་བྱུང་བརྒྱ་ཕྲག་གསུམ་ཙམ་དང༌། བསྙེན་རྫོགས་བདུན་ཅུ་སྐོར་བྱས་ཤིང༌། འགའ་ཟུང་འགའ་ཟུང་མ་གཏོགས། ཆོས་འཁོར་བ་ལ་རབ་བྱུང་བསྙེན་རྫོགས་བྱས་པ་ཡིན་ཟེར་ནས་བསླབ་ཚུགས་ལ་ནན་དུ་བྱེད་དོ། ། བཞི་པ་ནི། བསམ་པའི་ངོས་ནས་ཆོས་ལ་ཞུས་དག་བྱས་ཏེ་ཇི་བཞིན་བྱ་བར་འདོད་པ་ཡོད་མོད། སྦྱོར་བའི་ངོས་ནས། རྗེ་བཙུན་རེད་མདའ་བས། འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་དང༌། །སྣང་སྲིད་སྟོང་པར་རྟོགས་པའི་ཤེས་རབ་གཉིས༑ ༑རེ་འགའ་རེས་འཇོག་རེས་འགའ་ཟུང་འབྲེལ་བསྒོམས། །འོན་ཀྱང་ཕལ་ཆེར་སྙོམ་ལས་དབང་དུ་ཐལ། །ཞེས་པ་བཞིན་ཏེ། དང་པོར་དད་པ་སོ་མའི་ཚེ༑ བླ་མ་མཐོང་མ་ཐག་དང་དྲན་མ་ཐག་མཆི་མ་འཆོར་བའི་དད་པ་དང༌། དགེ་འདུན་དང་ལྷན་ཅིག་ཚོགས་སུ་འགྲོ་བའི་ཚེ། དགེ་འདུན་རྣམ་དག་དང་གོས་འདི་ལྟ་བུ་གོན། གདིང་ལྷུང་འཁྱེར་ནས་ལྷན་ཅིག་འགྲོ་བའི་སྐལ་བ་བྱུང་སྙམ་པ་དང༌། ཆོས་གོས་ཆབ་བསིལ་གྱི་ཚེ། གཙང་སར་འཇོག་པ་ན་ཡང་འདི་ལྟ་བུའི་འདུལ་བའི་ལག་ལེན་ཉམས་སུ་བླང་དུ་ཡོད་སྙམ་པ་སོགས་བྱས་མ་ཐག་ཏུ་མཆི་མ་ཡེ་མི་ཐུབ་པ་དང༌། ཁྱད་པར་གསོ་སྦྱོང་གི་ཚེ། མགོ་ཕུར་ནས་ངེས་འབྱུང་གི་ཤུགས་ཟད་ཟད་ཀྱི་བར་དུ་མཆི་མ་བཏོན་པ་ན། འགའ་རེས་འདིས་སྡོམ་པ་ཤོར་བ་ཡིན་པར་