R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 147a
[A:147a]སྡེ་སྣོད་མང་པོ་ལ་སྦྱངས་ཤིང་མཁས་པ་ཆེན་པོར་གྱུར་ནས། ཕྱིས་པར་འབྲོག་ཏུ་པཎ་ཆེན་འཇིགས་མེད་གྲགས་པའི་དྲུང་དུ་གསན་པ་རྒྱ་ཆེར་མཛད་དེ། འདི་ལུགས་ཀྱི་གསང་སྔགས་
ཀྱི་སྙིང་པོ་ཁོ་ན་ལ་ཐུགས་རྟོན་ཅིང་། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་ཟབ་ལམ་གྱི་ཁྲིད་མནོས། དུས་འཁོར་ལ་རིང་དུ་སྦྱངས་པའི་མཁས་པ་དོན་གྲུབ་ཀུན་དགའ་ལ་རྒྱུད་འགྲེལ་གྱི་བཤད་པ་གསན་ནས་ཊཱི་ཀཱ་པོ་ཏི་བདུན་
པ་ཞིག་དང་། སྔགས་འདུལ་ལ་སོགས་ལ་མཁས་པར་གྱུར་ནས་དཀྱིལ་འཁོར་བློ་སློངས་དངུལ་ལས་བཞེངས་ཤིང་། ཆོས་འདི་དར་བར་མཛད་དོ༎ བདག་པོ་རྣམ་རྒྱལ་གྲགས་པ། དཔལ་འཇིགས་མེད་གྲགས་པའི་སློབ་མ་བདག་པོ་རྣམ་རྒྱལ་གྲགས་པ་ནི། སྡེ་སྣོད་མང་པོ་དང་། ཁྱད་པར་
དུས་འཁོར་ལ་མཁས་པར་གྱུར་ནས་དཀྱིལ་འཁོར་བློ་སློངས་དངུལ་ལས་བཞེངས་ཤིང་། ཆོས་འདི་དར་བར་མཛད་དོ༎ སྤྱན་སྔ་གྲགས་པ་བྱང་ཆུབ། སྤྱན་སྔ་གྲགས་པ་བྱང་ཆུབ་ནི། ལོ་ཆེན་ལ་སྦྱོར་དྲུག་གསན་ནས། ལོ་ཆེན་
འདིའི་ཐུགས་དམ་མཛད་ཚུལ་མཐོང་བ་ན། རང་རེ་ཀུན་ལ་དགེ་སྦྱོར་མི་བྱེད་པའི་དབང་མི་འོང་བར་འདུག་གསུང་ནས་གཟིམས་ཆུང་དུ་མུན་མཚམས་བསྡམས་ཏེ་ཐུགས་དམ་རྩེ་གཅིག་ཏུ་མཛད་དོ༎ སྟག་ལུང་པ་ནམ་མཁའ་དཔལ་བཟང་།