R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 16a
[A:16a]བྱའོ་སྙམ༎ ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། ཚངས་པ་གཙུག་ཕུད་ཅན་དང་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཞེས་མཚན་གསོལ་ནས་ཆོས་
གསུང་བར་བསྐུལ་བས་གནང་སྟེ། རི་ཡ་གའི་ཕྱོགས་སུ་བྱོན་ནས་ཀུན་ཏུ་རྒྱུ་ཉེར་འགྲོ་ལ། ང་ལ་སློབ་དཔོན་གང་ཡང་མེད༎ ང་དང་འདྲ་བ་ཡོད་མ་ཡིན༎ ང་ནི་གཅིག་པུ་རྫོགས་སངས་རྒྱས༎ བསིལ་
གྱུར་ཟག་པ་མེད་པ་ཡིན༎ ཞེས་གསུངས་པས། ཁྱོད་ནི་སངས་རྒྱས་ལགས་སོ་ཞེས་སངས་རྒྱས་སུ་མཚན་གསོལ་ཏོ༎ དེ་ནས་རིམ་གྱིས་ཆུ་སྟོད་ཅན་གྱི་ཚེས་བདུན་ལ་ཝཱ་རཱ་ཎ་སཱིར་བྱོན། ཚེས་བརྒྱད་
ལ་རྒྱལ་སྲས་སེམས་བསྐྱེད་མ་ཐག་ཏུ་ཆོས་འཁོར་བསྐོར་བ་ཞེས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཕུལ་ཏེ་གསོལ་བ་བཏབ་པས་ཐོ་རེངས་ཀཽཎྜི་ནྱ་སོགས་ལྔ་སྡེ་ལ་བདེན་བཞིའི་ཆོས་བསྟན་པས་དགྲ་
བཅོམ། དེ་དང་དུས་གཅིག་ཏུ་བྱམས་པ་སོགས་རྒྱལ་སྲས་རྣམས་ལ་དོན་དམ་པའི་ཚུལ་ལ་འཇུག་པའི་ཐེག་པ་ཆེན་པོའི་ཆོས་བསྟན་པས། དེ་དག་གིས་དེ་བཞིན་གཤེགས་པ་ཞེས་མཚན་གསོལ་ཏོ༎
དེ་ནས་གྲགས་པ་སོགས་ཉེ་བའི་ལྔ་སྡེ་དང་། དྲག་པོ་སོགས་ལྔ་བཅུ་སྡེ་དང་། ཀཱ་ཏྱའི་བུ་འཁོར་ལྔ་བརྒྱ་དང་བཅས་པ་དང་། སླར་ཡང་མ་ག་དྷར་བྱོན་ནས་འཆར་ཀ་སོགས་བཟང་སྡེའི་ཚོགས་དྲུག་ཅུ་