R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 190a
[A:190a]མིག་གིས་བལྟ་མི་བཟོད་པའི་འོད་ཟེར་འབར་བ་དངོས་སུ་གཟིགས་མ་ཐག་དམག་རྣམས་བྱེར་ཏེ་བར་ཆད་ཞི། བླ་བྲང་བ་བསོད་ནམས་དཔལ་འབྱོར་ལ་རིམ་ལྔའི་ཁྲིད་གནང་
བའི་ཚེ་གསང་བ་འདུས་པ་དངོས་སུ་བསྟན། གསེར་ཕྱེ་འབུམ་པའི་དྲུང་དུ། གླང་པཎྜི་ཏ་དང་། བྲ་གོར་མཁན་ཆེན་པ་ཆོས་དཔལ་རྒྱལ་བ་སོགས་སྡེ་སྣོད་འཛིན་པ་མང་བོ་ལ་དུས་འཁོར་གྱི་དབང་གནང་བའི་
ཚེ་ཞབས་ལ་མི་རེག་པ་བྲ་གོར་བས་གཟིགས། ཆོས་རྗེ་ཆོས་གྲགས་པ་ལ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གནང་བའི་ཚེ་འཇིག་རྟེན་པ་དྲུག་གི་ལྷ་རྣམས་དྲུང་དུ་འོངས་ནས་སློབ་མ་བསྲུང་བའི་རིག་
པ་ཕུལ། ཆེན་པོ་ཆོས་རྒྱལ་རིན་ཆེན་ལ་ཁྲིད་གནང་བའི་ཚེ་གེགས་བྱུང་བ་ལ། ཆོས་རྗེ་ཉིད་ཀྱིས་སྐུ་ལུས་ཀྱི་འཁྲུལ་འཁོར་མཛད་པས་སེལ། ཆོས་རྗེར་སྟོན་པ་དང་། མཁན་ཆེན་ནམ་མཁའ་
དཔལ་འབྱོར་པ་ལ་མངོན་པར་མཁྱེན་པ་མང་དུ་གསུངས་པས་མཆོག་ཏུ་གུས་པ་ཐོབ། ངང་རྒྱལ་བ་རིན་ཆེན་བློ་གྲོས་པ་ལ་གཏུམ་མོའི་དབང་གནང་བའི་ཚེ་བར་ཆད་ཀྱི་མཚན་མ་ཁྱུང་དུ་སྤྲུལ་ནས་བསལ། སློབ་