R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 207a
[A:207a]དྲུང་དུ་བྱོན་པས་སློབ་དཔོན་ཇོ་བཙུན་ཐུགས་ཚིམ་མམ་གསུང་། དེ་ནས་ཨུ་རྒྱན་དུ་འགྲོ་བར་ཞུས་ནས་དང་པོར་བྱང་མི་མེད་ཀྱི་རི་ལ་སྒྲུབ་པ་ལ་བྱོན་ནས་ཟླ་བ་དགུ་བཞུགས་
པས་སྔར་གྱི་ཆོས་བརྗེད་པ་ཐམས་ཅད་སོས། དེ་ནས་ཏི་སེར་བྱོན་པས་རྟེན་འབྲེལ་ཤར་ནས་བསྟན་བཅོས་ཕྱི་ནང་གསལ་བ་ཞེས་པ་མཛད། དེ་ནས་དཔལ་ཡེ་དང་འགྲོགས་ནས་བྱོན་ཏེ་འཇིགས་པའི་ཕྲང་མང་པོ་བཅད།
ཁྱད་པར་སོག་པོའི་རྟ་བ་བཞིས་སྐྱིགས་བརྡུངས་པས་རླུང་དབུ་མར་ཆུད། དེ་མ་ཐག་བཞེངས་ཏེ་བཀའ་བསྐྱོན་དྲག་པོ་ཕབ་པས་དེ་རྣམས་སྐྲག་ཏེ་བྲོས། ཆུ་བོ་སིནྡྷིའི་འགྲམ་དུ་གནམ་ས་གོ་ལོག་འགྱུར་བའི་ཉམས་ཤར།
དེ་ནས་ཨུ་རྒྱན་དྷུ་མ་ཐ་ལར་ཕེབས། དེར་རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་བུ་མོའི་གཟུགས་སུ་བྱས་པ་ཅིག་གིས་ཚོད་མ་ཕོར་བ་གང་བྱིན་ཞིང་བྱིན་གྱིས་བརླབས་པས་ལས་ཀྱི་སྒྲིབ་པའི་ལྷག་མ་ཐམས་ཅད་སློང་
ཤིང་ཟད། རྡོ་རྗེ་གསུམ་གྱི་དོན་ཇི་ལྟ་བ་བཞིན་དུ་ཐུགས་ལ་འཁྲུངས། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་སྐུ་སིནྡྷུ་རའི་མདོག་ཅན་དངོས་སུ་བསྟན་ནས་སེང་གེའི་འོ་མ་ལྟ་བུ་སྦྱོར་བ་ཡན་ལག་དྲུག་གི་གདམས་པ་གནང་།