R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 243a
[A:243a]དེས་སྲོག་རྩོལ་རྡོ་རྗེའི་སྙན་རྒྱུད་རྒྱུས་པ་གཞོན་ནུ་སེངྒེ་ལ་གནང་། དེས་དོལ་པོ་ཡེ་ཤེས་མགོན་པོ། དེས་ཀུན་སྤངས་ཆེན་པོ་ལ་གནང་སྟེ། དེས་སྲོག་རྩོལ་གྱི་མན་ངག་འདི་ཉིད་
ལ་གཙོ་བོར་མཛད་དོ༎ ༦༽ཆག་ལུགས། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། དྲུག་པ་ཆག་ལུགས་ནི། རྗེ་སྒྲ་བསྒྱུར་གྱི་རྒྱལ་པོ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཞེས་གྲགས་པ་འདིས། རྒྱ་གར་གྱི་པཎ་ཆེན་རྣམས་ལ་གསན་པ་སྟེ། དེ་ནི་གཉལ་སྨད་
ཆག་གྲོང་དུ་ཆག་ལོ་ཙཱ་བ་དགྲ་བཅོམ་པའི་གཅུང་པོ་སློབ་དཔོན་དར་མ་འབྱུང་གནས་དང་། ཡུམ་ངོ་རྗེ་མོ་ཆོས་འབུམ་སྐྱིད་ཀྱི་སྲས་སུ་ས་ཕོ་རྟ་ལ་འཁྲུངས། དབུ་གདུགས་ལྟར་མཛེས་པ། སྤྱན་མཐོན་
མཐིང་། ཚེམས་དཀར་མཉམ་བཞི་བཅུ་ཚང་བ། ལྗགས་སྲབ་ཡངས། སྐུ་འཚམ་ཞིང་མཛེས་པ། ཚངས་པའི་དབྱངས་དང་ལྡན་པ། དགུང་ལོ་བདུན་ནས་ལྟེའུ་རར་ཁུ་བོ་ཆོས་རྗེ་ལོ་ཙཱ་བ་དགྲ་བཅོམ་པའི་དྲུང་
དུ། རྒྱ་བོད་ཀྱི་ཡི་གེ་འདྲི་ཀློག་དང་། པི་ཝ་རྟ་དང་བཀས་བཅད་དང་། བྲི་ཐིག་བསླབས། བཅུ་གཅིག་ནས་ཉི་ཤུའི་བར་ཞབས་དྲུང་རྟག་ཏུ་བསྟེན། བཅུ་གསུམ་པ་དགེ་བསྙེན། བཅོ་ལྔ་ལ་དགེ་ཚུལ་མཛད་