R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 41a
[A:41a]རཏྣ་རཀྵི་ཏ་ཡིན་ཞེས་གསུང་ངོ་༎ ༎ རཏྣ་ཀ་ར་གུཔྟ། རཏྣ་ཀ་ར་གུཔྟ་ནི། སྔོན་དགེ་བསྙེན་གཞོན་ནུའི་དུས་ནས་རིག་པའི་གནས་དུ་མ་ལ་མཁས་ཤིང་། ཁྱད་པར་དུ་སྒྲ་ཚད་ལ་
མཁས་པ་ཡིན་པས། པཎྜི་ཏ་མང་པོས་བསྐོར་ནས་ཆོས་འཆད་ཅིང་ཡུལ་ཀུན་ཏུ་བགྲོད་པར་བྱེད་པ་ལས། མ་ག་དྷར་འོངས་པ་ན་བློན་པོ་དབང་ཆེ་བ་ཞིག་ན་རེ། ཁྱེད་དགེ་བསྙེན་ཁྲི་མཐོན་པོའི་སྟེང་དུ་འདུག་ནས་
པཎྜི་ཏ་རབ་ཏུ་བྱུང་བ་མང་པོའི་ཕྱག་ལེན་པ་འདི་སངས་རྒྱས་ཀྱི་བསྟན་པ་ལ་མི་མཛེས་པར་རབ་ཏུ་བྱུང་བ་གྱིས་ཟེར་བས། ངའི་མ་རྒན་མོ་ཞིག་གསོ་བའི་ཆེད་དུ་རབ་ཏུ་མི་འབྱིན་བྱས་པས། མའི་འཚོ་བ་ངས་སྦྱིན་གྱིས་
ཟེར་ནས་གསེར་སྲང་སུམ་ཅུ་བྱིན་ནོ༎ པཎྜི་ཏས་བསྙེན་པར་རྫོགས་ཏེ་མཚན་ཡང་རཏྣ་ཀ་ར་གུཔྟ་ཞེས་རིན་ཆེན་འབྱུང་གནས་སྦས་པར་བཏགས་ལ། དུས་ཞབས་པ་ཆེན་པོ་དང་། ཛེ་ཏཱ་རི་དང་ནཱ་རོ་པ་སོགས་བསྟེན་
ནས་དུས་འཁོར་སོགས་ལ་ཤིན་ཏུ་མཁས་པར་གྱུར་འཁོར་ལྔ་བརྒྱ་དང་བཅས་པའི་སྦྱིན་བདག་བློན་པོ་ངས་བྱས་ནས་རྡོ་རྗེ་གདན་དུ་བཞུགས་སོ༎ ནམ་ཞིག་ན་ལྷོ་ཕྱོགས་པོ་ཏཱ་ལར་སྤྱན་རས་གཟིགས་མཇལ་བའི་
ཆེད་དུ་བགྲོད་པར་ཆས་པ་ན། སཽ་རི་ཞེས་པའི་ཡུལ་ཞིག་གི་རྒྱལ་པོའི་རྨི་ལམ་དུ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཞལ་ནས་ངའི་བསྟན་པ་ལྷོ་ཕྱོགས་སུ་མ་བཏང་བར་ཁྱོད་ཀྱིས་ཟུང་ཅིག་གསུང་པ་རྨིས་ཏེ་ཅིའི་ལྟས་