བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ཆ་ལག་དང་བཅས་པ་རྫོགས་པར་ཞུས་སོ།། དེ་ཡི་དུས་སུ་པཎྜི་ཏ་ཁ་ཆེ་རིན་ཆེན་རྡོ་རྗེ་དང་རྩོད་པས། ཟླ་བ་མགོན་པོ་རྒྱལ་བ་ལ། རིན་ཆེན་རྡོ་རྗེའི་གསུང་གིས་ང་ལ་སློབ་མ་མི་དད་པར་འོང་བས་ཁྱེད་གཞན་དུ་བྱོན་གསུངས་ཏེ། བོད་ཡུལ་དུ་བྱོན་ནས་ཁ་རག་ཏུ་གཉོས་ལོ་ཙཱ་བ་ལ་བབས། འགྲེལ་པ་དྲི་མ་མེད་པའི་འོད་བསྒྱུར་བ། གསེར་སྲང་བརྒྱ་རྫོངས་བར་ཆད་པ་ལས། བར་སྐབས་སུ་པཎྜི་ཏ་མ་མཉེས་པར་འགྱུར་བྱེད་འཕྲོ་བསྣམས་ནས་འཕན་ཡུལ་གྲབ་ཏུ་བྱོན། ཞང་ཕོ་ཆུང་བས་བཏེག་སྟེ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས། ལོ་ཙཱ་མཛད་ནས་འགྲེལ་ཆེན་ཡོངས་སུ་རྫོགས་པར་བསྒྱུར་རོ།། གཉོས་ཀྱིས་ཞང་ཕོ་ཆུང་བ་ལ་ཁྱོད་ཀྱིས་ངའི་བླ་མ་འཕྲོགས་པ་ཡིན་པས། ལྦ་བའི་གསེབ་ཏུ་ཉུངས་དཀར་རྩང་ངེ་བ་ཅིག་བྱ་ཡིས་ཞེས་ཕྲིན་དུ་བསྐུར་བ་ལ། ཁྲོ་བོ་བརྒྱ་ཡིས་མཚོན་ཆས་བསྡིགས་ཀྱང་མི་འཇིགས་ལ། ལྷ་མོ་བརྒྱའི་འཛུམ་བསྟན་ཡང་མི་ཆགས་པ་ཡིན་ནོ་ཞེས་གསུངས་ནས་ཞབས་ཐོག་ཡུན་རིང་དུ་མཛད། གཉོས་སྟོན་ཡེ་ཤེས་མཆོག་གིས་གསེར་སྲང་བཅོ་བརྒྱད་ཕུལ། གྲྭ་པ་མངོན་ཤེས་ཀྱིས་ལོ་གསུམ་དུ་ཆོས་སྟོན་དྲངས་ཤིང་། ནམ་མཇལ་དུས་ཕྱག་རྟེན་མ་ཆད་པར་མཛད། ཇོ་བཙུན་ཚུལ་ཁྲིམས་རིན་ཆེན་གྱིས་གསེར་སྲང་དྲུག་ཕུལ། གཡོ་རུ་བ་འགར་སྟོན། མང་ཡུལ་བ་སྟོན་མ་སྲི་དར། སྨོན་གྲོ་པ་འཇམ་སྒོམ་ལ་སོགས་པས་ཞབས་ཏོག་ཆེ་བར་བྱས་ཀྱང་། སོ་སོར་སྤོང་ཙམ་མ་གཏོགས་པ་གཞན་མ་གནང་ངོ་།།
སྒོམ་པ་དཀོན་མཆོག་བསྲུང་།
འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པའི་སྒོམ་པ་དཀོན་མཆོག་སྲུངས་ཞེས་པ། མངོན་པ་དང་ས་སྡེ་དང་། སྨན་དཔྱད་ཀྱི་གཙུག་ལག་ལ་ཤིན་ཏུ་མཁས་ཤིང་ཡོན་ཏན་ཆེ་བར་གྲགས་པ་དེ་ཉིད་ཀྱིས། འབྱོར་བ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་བ་དང་། བདག་ཉིད་ཀྱི་སྐེ་ལ་དར་ཡུག་གཅིག་བཏགས་ཏེ་ལུས་ཕུལ་ནས་ཞབས་ཐོག་ཡུན་རིང་དུ་མཛད་ཅིང་། ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས་གཞུང་གདམས་ངག་དང་བཅས་པ་རྣམས་མ་ལུས་པར་གནང་ངོ་།། བླ་མ་འདི་ཉིད་ཀྱི་ཕྱི་རྟེན་རིང་བསྲེལ་མང་པོ་འབྱུང་བ་ཞིག་འཕན་ཡུལ་རག་མའི་ནང་ན་དུས་དིང་སང་ཡང་འདུག་གོ། གྲབ་ན་ཕྱི་རྟེན་ཆེ་བ་ཞིག་བཞུགས་པ་ནི་དུས་ཕྱིས་ཞིག་ནས་རྗེ་བཙུན་གྱི་ཕྱག་དཔེ་འགའ་ཟུང་དང་། རུས་པའི་རྒྱན་དྲུག་དང་དམ་པ་རྒྱ་གར་གྱི་སྙན་རྒྱན་ལ་སོགས་པ་ནང་ཚངས་སུ་བཞུགས་པ་རྣམས་ཀྱང་འཐོར་ནས། ཁོ་བོ་ཅག་གི་ལག་ཏུའང་འགའ་རེ་བྱུང་ངོ་།།
བླ་མ་སྒྲོ་སྟོན་གནམ་བརྩེགས།
བླ་མ་སྒྲོ་སྟོན་གནམ་ལ་བརྩེགས་ནི། འཕན་ཡུལ་སྒྲོ་རིས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་དབུས་སྡེའི་དགེ་བཤེས་ལོ་རོ་པའི་དྲུང་དུ། གཡུ་ཆེ་ཆུང་འདྲེས་པ་ཕུལ་གང་རྒྱགས་སུ་བསྣམས་ནས་བྱོན་ཏེ། ལྔ་བཅུ་རྩ་བརྒྱད་ཀྱི་བར་དུ་སློབ་གཉེར་རྒྱ་ཆེར་མཛད་དོ།། ལོ་རོ་པའི་ཞལ་ནས་འཆིམས་སྔགས་པ་ཆེན་པོ་ཞིག་ཡོད་པ་ལ་འདི་རྡོ་རྗེ་འཛིན་པ་དང་འདྲ། ཀུན་འདི་ལ་ལྟོས་ན་བ་ལང་དང་འདྲ་བར་འདུག འོན་ཀྱང་ང་ཡིས་ཀྱང་ལོ་ཙཱ་བ་ཆེན་པོ་ལེང་ཤཱཀྱ་བརྩོན་འགྲུས། འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུག་པ་ལྷས་བཙས་གསུམ་ལ་ཐུག་པས་རྡོ་རྗེ་འཛིན་པ་དང་འདྲ་བར་སོང་སྟེ། དུས་འཁོར་ཤེས་པ་ཅིག་བྱུང་ན་ད་དུང་བ་ལང་དང་མཚུངས་པར་འདུག་གསུང་བས། བླ་མ་གནམ་ལ་བརྩེགས་དུས་འཁོར་ལ་ཤིན་ཏུ་དད་དེ། དུས་འཁོར་སུའི་ཤེས་དྲིས་པས། པཎྜི་ཏ་སོ་མ་ནཱ་ཐས་མཁྱེན་ཟེར་ནས། དེ་མ་ཐག་དེར་བྱོན་ཏེ། པཎྜི་ཏ་ལ་གསེར་སྲང་བཅུ་གཉིས་དང་རྟ་ནག་པོ་ཅིག་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་བྱས་ཀྱང་སོ་སོར་སྤོང་ཙམ་ལས་མ་གནང་། བླ་མ་དཀོན་མཆོག་སྲུངས་ལའང་གསེར་ཉུང་ངུ་ཕུལ་ནས་ཞུས་ཀྱང་། པཎྜི་ཏའི་བཀའ་རྒྱ་ཡོད་གསུངས་ནས་མ་གནང་ངོ་།། དེ་ནས་པཎྜི་ཏ་རྒྱ་གར་དུ་གཤེགས་པའི་ཤུལ་དུ། སྣོར་བཟངས་སུ་ལོ་གསུམ་དང་། ཡེར་པར་ལོ་གསུམ། བླ་མ་ལྷ་རྗེ་གོ་བཏེག་མཛད་དེ་ཞུས་པས་གཞུང་གདམས་ངག་ཀུན་རྫོགས་པར་གནང་ངོ་།། ཕྱིས་པཎྜི་ཏ་བོད་དུ་བྱོན་པའི་དུས་སུ་ལྷ་རྗེ་སྒོམ་པས་སྒྲོ་སྟོན་ལ། གཞུང་གདམས་ངག་མ་ལུས་པ་བྱིན་འདུག་ཅེས་པ་གསན་ནས། སྒྲོ་སྟོན་དང་མཇལ་མ་ཐག་ད་ཆོས་གང་དགོས་པ་སྦྱིན་ནོ་གསུང་བ་ལ།