R1180: སེམས་འགྲེལ་བསྐོར་གསུམ་གྱི་བླ་མའི་རྒྱུད་རིམ་གསལ་བ།

  • Pagination (Witness A): [-]
གཞོན་པའི་དུས་ནི་རྫོགས་པར་གནང་དུ་མ་འདོད། ད་རྒས་པས་མི་ཞུ་ལགས་བྱས་པས། ཁྱོད་དཀོན་མཆོག་སྲུངས་ཀྱི་ཆོས་ཀྱིས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུངས་ནས་ཕྱག་ཕབ་པོ།། སྒྲོ་སྟོན་གྱིས་དེ་ཤིན་ཏུ་མད་ལགས། བླ་མ་ཆེན་པོའི་བཀའ་དྲིན་ལགས་ཞེས་ཞུས་པས། ཆོས་གང་གང་བྱིན་ཞེས་གསུང་བ་ལ། འདི་དང་འདི་རྣམས་གནང་ལགས་ཞེས་ཞུས་པས། དེ་རྣམས་ལས་ལྷག་པ་ང་ལའང་མེད། ཐམས་ཅད་ཚང་འདུག་པས་སུ་ལའང་མ་སྟེར། གཞན་ལ་སྟེར་རི་མནའ་སྐྱོལ་གསུངས་ནས། མགུལ་པ་ལ་ཕྲེང་བ་བཅུག་པ་དང་། བླ་མས་ནི་རྫོགས་པར་མ་གནང་། བླ་མ་དཀོན་མཆོག་སྲུངས་ལ་ཞུས་པ་ལགས་མོད། ཅེས་ཞུས་པས་ཕྲེང་བ་ཕུད་དེ། ངན་པ་འདི་གསུངས་ནས་དབུ་ལ་བྱེ་མ་སྤར་གང་རྒྱབ་སྟེ། ད་ཆུད་མ་གསན་གསུང་བ་ལ་དེ་སྐད་གསུང་མི་འཚལ། ཆུད་ཅི་སྟེ་གསོན་ཞེས་ཞུས་ནས་བཀུར་བསྟི་དུ་མ་མཛད་དེ། པཎྜི་ཏའང་མཉེས་པར་མཛད་དོ།། དེ་ལྟར་པཎྜི་ཏ་དང་བླ་མ་དཀོན་མཆོག་སྲུངས་ལ། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ། གཞུང་གདམས་ངག་ཆ་ལག་དང་བཅས་པ་མ་ལུས་པར་གསན་ནོ།། དེ་ཉིད་ཞི་བར་གཤེགས་པའི་དུས་སུ་བརྩིགས་པའི་ཕྱི་རྟེན་ཁང་བུ་བརྩེགས་པའི་མཆོད་རྟེན་ཞིག སྒྲོ་རིས་གནས་སྒང་ན་བཞུགས་སོ་ཞེས་ཐོས་ནས་དད་པས་ཀུན་ནས་བསླང་སྟེ། ཁོ་བོ་དཔོན་སློབ་མང་བ་ཞིག་གིས་ཕྱག་དང་བསྐོར་བ་ལ་ཕྱིན་པའི་ཚེ། མཆོད་རྟེན་ནི་ཞིག་ནས་རྗེས་ཙམ་ཡང་མི་སྣང་ངོ་།། དེར་རབ་བྱུང་རྒན་པོ་ཞིག་འདུག་པ་ལ། བླ་མ་གནམ་ལ་བརྩེགས་ཀྱི་ཕྱི་རྟེན་ཞིག་འདི་ཕྱོགས་ན་བཞུགས་ཟེར་བ། དིང་སང་ནི་མི་སྣང་ཁྱེད་ཀྱིས་ཐོས་སམ་ཞེས་དྲིས་པས། ས་ཅུང་ཟད་འབུར་བ་འདི་ཉིད་རང་ན་ཁང་བུ་བརྩེགས་པའི་མཆོད་རྟེན་ཆུང་ངུ་ཞིག་ཡོད་པ་འགའ་ཞིག་དགེ་བསྙེན་དད་པ་ཞེས་པའི་ཕྱི་རྟེན་ཡིན་ཞེས་གླེང་། འགའ་ཞིག་སྒྲོ་སྟོན་གནམ་བརྩེགས་ཀྱི་ཕྱི་རྟེན་ཡིན་ཞེས་གླེང་བ་རིང་བསྲེལ་དུ་མ་འབྱོན་པ་ཞིག་འདུག་པ་ལ། མི་མང་པོས་རིང་བསྲེལ་འདོད་པའི་ཕྱིར་དུ་མཆོད་རྟེན་གྱི་ས་བརྐོས་པས་ལོ་འགའ་ཟུང་ན་མཆོད་རྟེན་ཡང་ཞིག ཚ་ཚའི་ནང་ན་གཟུངས་བཞུགས་པའི་མཇུག་ན། བླ་མ་གནམ་ལ་བརྩེགས་ཀྱི་ཐུགས་དགོངས་པར་གྱུར་ཅིག་ཅེས་པ་གདའ་བ་བདག་གིས་ཀྱང་མཐོང་ནའང་། དེ་ནས་གསོ་མཁན་མེད་པས་རྗེས་མེད་འདི་བཞིན་དུ་གྱུར་གདའ་ཞེས། གནས་སྒང་གི་དཀོན་གཉེར་བ་ཞིག་བདག་གཞོན་ནུའི་དུས་ན་ཟེར་ལགས་ཞེས་ཟེར་རོ།། མཆོད་རྟེན་གྱི་ཤུལ་ཡིན་ཟེར་བའི་ས་འབུར་ཙམ་འདུག་པ་ལ། ཕྱག་བཙལ་ཞིང་མོས་གུས་བྱས་ནས་བཙལ་བས་ཁོ་བོ་ཅག་རྣམས་ཀྱིས་ཀྱང་རིང་བསྲེལ་བརྒྱ་ཕྲག་དུ་མ་རྙེད་དོ།། ངོ་མཚར་བར་འཁུམས་ཏེ་མཆོད་རྟེན་གྱི་ཤུལ་གྱི་ས་རྣམས་ལས་ཚ་ཚ་བསྒྲུབས་ཏེ། ཁང་བུ་བརྩེགས་པའི་མཆོད་རྟེན་ཞིག་ཁོ་བོས་རྒྱུ་སྦྱར་ཏེ་སྒྲུབས་པ་དིང་སང་ཡང་གནས་སྒང་ན་བཞུགས་སོ།།
གྲུབ་ཆེན་ཡུ་མོ། བླ་མ་ཡུ་མོ་ནི། གདུང་རུས་རྔམ་ཞེས་པ་ཡིན་ཞིང་། ཡབ་རྔམ་ཁྲོ་བོ་ཞེས་པ་ཡིན་ལ། གངས་ཏི་སེའི་རྩར་སྐུ་འཁྲུངས་ཤིང་སྐུ་མཆེད་ ཤཱཀྱ་རྒྱལ་མཚན། གཞོན་རྡོར་བྱང་། ཚུལ་ཤེ །བླ་མ་ཆེན་པོ་སྟེ་ བཞི་ཡོད་པའི་ཆུང་བ་ཡིན་ནོ།། རིམ་གྱིས་ལ་སྟོད་ལྷོར་བྱོན་ནས་དགུང་ལོ་བཅུ་པ་ལ་ལྷོ་མཚེར་གནས་སུ་མཁན་པོ་སྟག་ལོ་གཞོན་བྱང་བཞུགས་པ་ལ། རབ་ཏུ་བྱུང་སྟེ་མཚན་འདོགས་པའི་དུས་ན། ཁྱེད་ཀྱི་གདུང་རུས་རྔམ་དུ་འདུག་དད་པ་ཤིན་ཏུ་ཆེ་བ་ཅིག་འདུག་པས། རྔམ་བཙུན་དད་པ་རྒྱལ་པོ་བྱ་བར་འདོགས་སོ་ཞེས་གསུངས་ནས། དེ་ལྟར་མཚན་བཏགས། མཁན་པོ་ལ་ཆོས་གསན་ཅིང་ལོ་གཉིས་བཞུགས། དེ་ནས་དོན་མོ་རིར་བྱོན་ཏེ། སེ་སྟོན་སྒྲ་གཅན་འཛིན་དང་། དགེ་གནས་སུ་བར་སྟོན་ཐོས་པ་དགའི་དྲུང་དུ་མངོན་པ་དང་ཕ་རོལ་ཏུ་ཕྱིན་པའི་སྐོར་མང་དུ་གསན། ཁོང་རང་གཉིས་ཀྱིས་ཡུ་མོ་པ་ཞེས་མཚན་བླ་དྭགས་སུ་བཏགས་སོ།། དེ་ནས་དབའ་དགེ་མཐོང་དང་། སྙེགས་ལ་དབུ་མ་དང་ཚད་མ་གསན། དེ་ནས་འདུལ་བ་གསན་པར་དགོངས་པ་ལ། དེ་དུས་སོག་འདུལ་བ་འཛིན་པ་མཁས་པར་གྲགས་པས། དེའི་དྲུང་དུ་བྱོན་ཏེ་འདུལ་བའི་སྐོར་རྣམས་གསན་ཅིང་མདོ་རྩ་རྫོགས་པར་ཐུགས་ལ་གསུངས། སྤྱོད་ཕྱོགས་རྣམས་ཀྱང་གསན། ཀྱེའི་རྡོ་རྗེ་ལ་སོགས་པའི་སྔགས་ཀྱི་སྐོར་ཡང་གསན་ཅིང་བཞུགས་སོ།།