R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 13
[A:13] ཆེན་ཆོས་ཀྱི་རྡོ་རྗེ། དབེན་ས་བ་བློ་བཟང་དོན་གྲུབ་མན་འདྲའོ། ། དེ་ལྟར་ན་རྒྱུད་སྡོམ་པ་གཉིས་དང་ལྡན་པ་དེ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པའི་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག་ཆེན་པོ་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པ་འདི་ཉིད་སྟོན་པར་བྱེད་པ་ལ། ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་སྐྱོན་མེད་པ་ཉིད་ལ་འབྲས་བུ་སྐུ་བཞི་ལ་སོགས་པའི་སངས་རྒྱས་ཀྱི་ས་བོན་འདེབས་པའི་ཕྱིར་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་ཐབས་དབང་། དབང་ལས་ཐོབ་པའི་ཡེ་ཤེས་ཀྱི་རྒྱུད་བསྐྱང་ཞིང་གོང་ནས་གོང་དུ་འཕེལ་བས་འབྲས་བུའི་གོ་འཕངས་ལ་སྦྱོར་བར་བྱེད་པའི་ཐབས་རིམ་པ་གཉིས་ཀྱི་ལམ་ཟབ་མོ་ཡན་ལག་དང་བཅས་པའི་ཁྲིད། དེ་དག་ཀྱང་སྒྲ་དང་ཡི་གེ་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པའི་སློབ་མ་རྣམས་ཀྱིས་ཆོས་ལ་དབང་ཟ་མི་དགོས་པར་ཇི་དགར་སྤྱད་ཆོག་པའི་ལུང་། གང་ལས་འཕྲོ་བའི་གཞིའམ་འབྱུང་གནས་རྡོ་རྗེ་འཆང་ཆེན་པོའི་གསུང་རྡོ་རྗེ་འཆང་གི་རྒྱུད་སྡེ་རྣམས་ལ་ཁུངས་གཏུགས་ཏེ་ངེས་ཤེས་མི་འཕྲོགས་པར་སྟེར་ཞིང་། རྣམ་གཞག་ཐམས་ཅད་ཁོང་དུ་ཆུད་པའི་སླད་དུ་རྒྱབ་བརྟེན་རྒྱུད་ཀྱི་བཤད་བཀའ་སྟེ་བཞི་ལས། དང་པོ་སྨིན་བྱེད་ཀྱི་སྐོར་ལའང་ཟུར་བཀའ་སོ་སོར་ཕྱེ་བ་དང་། སྤྱི་བཀའ་བསྡོམས་སུ་སྨོས་པ་གཉིས། དང་པོ་ལའང་རྒྱུད་སྡེ་དངོས་དང་། གདམས་ངག་ལས་བྱུང་བ་གཉིས་ལས། དང་པོ་རྒྱུད་སྡེ་ཆེན་པོ་བཞིའི་བཞུགས་ཚུལ། རྡོ་རྗེའི་སློབ་མ་རིག་པ་འཛིན་པ་རྣམས་ཇི་ལྟར་འཇུག་པའི་གོ་རིམ། རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པ་སོགས་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་ནས་རིམ་གྱིས་བླ་མེད་གསང་མཐའ་ཟབ་པའི་གཉིས་མེད་ཀྱི་མཐར་ཐུག་པར་འཆད་པར་འདོད་དེ། དེ་ལ་རྒྱུད་སྡེ་ཆེན་པོ་བཞི་ལས། ཐོག་