R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 3
[A:3] གཤེགས་པ་ཀུན་ལ་རབ་ཏུ་བཏུད། །སྡེ་སྣོད་རྒྱུད་སྡེའི་ལམ་སྲོལ་གསལ་བྱེད་པའི། །བློ་ལྡན་པཎྜི་ཏ་དང་གྲུབ་པའི་དབང་། །འཕགས་པའི་ཞབས་སེན་བཀོད་པའི་ཡུལ་ལྗོངས་སུ། །ཇི་སྙེད་བྱོན་པའི་རྣམ་ཐར་དྲན་བཞིན་འདུད། །གངས་ལྗོངས་མིག་གཅིག་ཐུགས་རྗེའི་བརྟུལ་ཞུགས་གྱིས། །ལུང་རྟོགས་སྣང་བ་འདྲེན་པའི་ལོ་པཎ་དང་། །ཆོས་རྒྱལ་བསྟན་པའི་རྩ་ལག་གྱུར་ཀུན་གྱི། །བཀའ་དྲིན་དད་པའི་སྣོད་དུ་ཤོར་བར་དཀའ། །ཁྱད་པར་གསང་ཆེན་རྡོ་རྗེའི་རྒྱུད་ཟབ་མོ། །འཆད་དང་བསྒྲུབ་པའི་བཀའ་བབས་གང་དག་ལས། འཁྲུལ་པ་སྤངས་པའི་ལམ་གྱི་ཤིང་རྟ་པ། །དཔལ་ལྡན་ས་སྐྱའི་འཇམ་དབྱངས་རྣམས་ལ་འདུད། སྡུག་བསྔལ་ཞི་བྱེད་བདུད་རྩིའི་ལྟོ་ཁེངས་པའི། །གྲུབ་པའི་བུམ་བཟང་དམ་པ་སངས་རྒྱས་དང་། །མཁའ་འགྲོའི་ཞལ་གྱི་གདམས་པས་མཆོག་བརྙེས་པ། །ཁྱུང་པོ་བརྒྱུད་པར་བཅས་ལ་ཡིད་རབ་གུས། །