ཆུས་ཀྱང་མི་འདྲུལ་བ། བརྐོས་ཀྱང་མི་ཕེད་པ། རྡོ་རྗེ་ཕ་ལམ་ལྟ་བུས་བྱུགས། དེའི་སྟེང་དུ་ཁྲོ་ཆུའི་ཕ་གུས་བསྒྲིགས། སྲུབས་གསོས་འཁན་པས་བྱུགས། དེའི་སྟེང་དུ་སོ་ཕག་དང༌། སྤང་ལེབ་དང༌། རྡོ་ལེབ་དང༌། ས་བཟང་དང༌། བྱེ་མ་རྡོ་ཧྲུག་རྣམས་རིམ་པས་བཏིང་བའི་ཁར། སྐྱེ་བོ་དང་བསྟུན་ནས་གྲུབ་བཞིར་རྨང་བཏིང༌། བཙུན་པ་དང་བསྟུན་ནས་རེའུ་མིག་ཏུ་བྲིས་ཏེ་རྨང་བཏིང༌། བོན་པོ་དང་བསྟུན་ནས་གཡུང་དྲུང་རིས་སུ་བྱས། རྒྱའི་རྟེན་དཔེ་ཧར་ལ་དཔེ་བླངས་ཏེ་གཟིངས་འབྲིང་པོ་དང་ཚད་མཉམ་ནས་རྨང་བཏིང་བས་ཞིག་གོ། །ཡང་རྒྱལ་པོ་ན་རེ། བལ་པོའི་ལྷ་བཟོ་སྤྲུལ་པ་དེ་ལ། ཁྱོད་ཀྱིས་ངའི་འབག་ཅིག་གྱིས་དང་བསྒོ་བ་ལས། བལ་པོའི་ལྷ་བཟོས་ཀྱང་བྱང་ཆུབ་ཤིང་གི་སྲོག་ཤིང༌། ཙན་དན་གོཤིརྵའི་རུས་ཤིང་དང༌། རྨེ་རུ་ལྕགས་གཟེར་དང༌། གནས་བརྒྱད་ཀྱི་ས་དང༌། ཆུ་བོ་ནཻརཉ྄ཛ་ནའི་བྱེ་བ་དང༌། ཙན་དན་སྦྲུལ་གྱི་སྙིང་པོའི་ལྡེ་གུ་དང༌། བ་སྤོས་ཟན་མའི་འོ་མ་དང༌། རྒྱ་མཚོ་གླེའི་འཇག་མ་དང༌། རིན་པོ་ཆེའི་སྤྱན་འབྲས་དང༌། ཤིང་བལ་གྱི་ཐི་གུ་དང༌། ལྡེ་མེན་ལ་སོགས་སྟ་གོན་བྱས་ནས་རྒྱལ་པོའི་དབུ་སྔས་སུ་བཞག་གོ། །སང་ནངས་པར་དགའ་སྟོན་ཆེན་པོ་ཡང་བྱས། ལྷ་བཞེངས་པར་ཡང་ཆས་པས། དེའི་ཐོ་རངས་རྒྱལ་པོའི་ཕོ་བྲང་དུ་མཐོངས་ན་མར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀྲ་ལམ་གྱིས་ཤར་བྱོན་ཏེ་ལྷའི་རྒྱུ་ལ་ཐིམ་པས། རྒྱལ་པོའི་ཐུགས་ལ། ངའི་ལྷ་འདི་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདྲ་བ་ཞིག་ཡོང་བར་འདུག་ན། ཕྱག་སྟོང་སྤྱན་སྟོང་ཞིག་བྱའམ། ཞལ་བཅུ་གཅིག་པ་ཞིག་བྱའམ། ཡི་གེ་དྲུག་མ་ཞིག་བྱའམ། ཧ་ཡ་གྷ྄རིབ་ཞི་བྱའམ། ལོ་ཀི་ཤྭ་ར་ཞིག་བྱའམ། ཁ་སརྤ་ཎི་ཞིག་བྱའམ། ཆུ་སྲིན་འཛིན་ཁྲི་ཞིག་བྱའམ། ཀྲོ་ཏ་མགྲིན་སྔོན་ཞིག་བྱའམ་སྙམ་པ་དང༌། དགུང་ལངས་ཙ་ན། རྒྱལ་པོའི་དབུ་སྔས་ན། སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་བཞེངས་པ། རྩ་བའི་ཞལ་གསུམ་སྤྱན་གསུམ་པ། དའེི་སྟེང་དུ་བཞད་པའི་ཞལ་གཉིས། དེའི་སྟེང་གཙིགས་པའི་ཞལ་དམར་པོ་གཉིས། དའེི་སྟེང་ན་འཛུམ་པའི་ཞལ་མཐིང་ག་གཉིས། དེའི་སྟེང་ན་ཨ་མི་དེ་བའི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ། ཕྱག་བཅུ་པ། དང་པོ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་པད་མ་དཀར་པོའི་སྟེང་ན་སྤྲུལ་པའི་སྐུ་འོད་དཔག་ཏུ་མེད་པ། གསུམ་པ་རུ་མདའ། བཞི་པོ་ན་འཁོར་ལོ། ལྔ་པ་ས་གནོན་མཛད་པའོ། །གཡོན་གྱི་གཉིས་པ་ན་འཕྲེང་བ། གསུམ་པ་ན་ནོར་བུ་རིན་པོ་ཆེ། བཞི་པར་གཞུ། ལྔ་པ་ན་བུམ་པ་སྤྱི་བླུགས་བསྣམས་པ། རི་དྭགས་ཨེ་ན་ཡའི་སྟོད་གཡོགས་དཀྲིས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་བསྣམས་པར་གཟིགས་སོ། །དེ་ནས་བལ་པོའི་ལྷ་བཟོ་བ་ལ། སྐུ་ནི་ཤིན་ཏུ་ལེགས་ན་འདིའི་ཐུགས་ཀར་མཆོད་སྡོང་འདི་གསུམ་དང༌། ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་རང་བྱོན་འདི་བཞུགས་པ་ཡིན་པ་ལ་ཞེས་བཀའ་བསྩལ་བས། ལྷ་བཟོ་བ་ན་རེ། སྐུ་འདི་ཁོ་བོས་མ་བགྱིས་ཏེ་དགུང་ལངས་ཙ་ན་རྒྱལ་པོས་དགའ་སྟོན་མཛད་པ་དང་རྒྱལ་པོ་ཉིད་ལ་དྲིས་ལ་འབག་བྱའོ་སྙམ་པ་མཆིས་ཟེར་རོ། །སྐུ་དེ་ཤིན་ཏུ་གཡོ་བར་གྱུར་པ་དང༌། ཕྱག་དང་པོ་གཅིག་གིས། ཞབས་གཡོན་མའི་ཤམ་ཐབས་པུས་མོའི་གོང་དུ་བརྫེས་ཏེ། ཞབས་མཐིལ་ནས་འོད་བྱུང་སྟེ་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་དང་མཆོད་སྡོང་ལ་ཕོག་པས། དེ་དག་ཞབས་གཡས་པའི་འོག་ཏུ་ནུབ་ནས། ཐུགས་ཁར་སོང་སྟེ་དེར་ཆགས་པ་དང་ས་གཡོས་པར་གྱུར་རོ། །ལྷ་རྣམས་ཀྱིས་ནམ་མཁའ་དང་མར་སྣང་ལ་མཆོད་པ་བྱེད་དོ། །ཤམ་ཐབས་ཀྱང་དེ་ཉིད་དུ་ཆགས་ལ་སྐུ་དེ་ཉིད་ཤིན་ཏུ་སྦྲམ་པ་ཡིན་ནོ། །ཤིན་ཏུ་གཡོ་བ་ཡིན། ཨ་མི་དེ་བ་དེ་གཡོན་དུ་ཡོ་བ་ཡིན། རྒྱལ་པོ་ཐུགས་དགྱེས་ཏེ་ངོ་མཚར་བར་གྱུར་ཏོ། །ཁ་བ་ཅན་དུ་སྐུ་བཞེངས་པ་ལ་དེ་སྔ་བ་ཡིན་ནོ། །རྒྱལ་པོས་འབྱུང་བ་སའི་དགྲ་བཟློག་པའི་ཕྱིར་དབང་ཕྱུག་ཆེན་པོའི་ལིང་ག་དང༌། བྱ་ཁྱུང་ག་རུ་ཌའི་རྟེན་དང༌། གཟའ་རྣམས་ཀྱི་མཆོད་རྟེན་སེར་རུ་དང༌། རྡོའི་སེང་གེ་དཀར་མོ་ཡང་མཛད་དོ། །དེ་ནས་ཇོ་མོ་རུ་ཡོང་བཟས་བྲག་ཕུག་མ་མོ་ཉལ་སར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་བཞེངས་སུ་གསོལ་ལོ།