R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ཀླུའི་ཕོ་བྲང་ཇོ་བོ་ཤཱཀྱས་མནན་ཟིན། ཕོ་བྲང་གི་ལྷོ་ནུབ་ཏུ་བཙན་གྱི་རྒྱུ་སྲང་གཅད་པར་བྱ་བའི་ཕྱིར་མཚམས་བཅད་ཀྱི་མཆོད་རྟེན་ཀེ་རུ་བཞེངས། དེ་མ་བཞེངས་ན་ཁ་བ་ཅན་གྱི་སྒྲུབ་པ་པོ་རྣམས་ཀྱི་སྲོག་བཙན་གྱིས་འཕྲོག་པས། མཆོད་རྟེན་དེ་བཞེངས་པས་རབ་ཏུ་བྱུང་བ་ལ་བཙན་གྱི་གནོད་པ་མི་འབྱུང་ངོ་གསུངས་སོ། །དེ་ནས་གནམ་སྟོང་གི་སྲོད་ལ་རྒྱལ་པོ་འོ་ཐང་གི་མཚོ་འགྲམ་དུ་བྱོན་པ་དང༌། ལྷོ་ཕྱོགས་གླ་བའི་ཚལ་ན་ལྷ་འདྲེ་རྣམས་འཚོགས་ནས་གྲོས་བྱེད་པ། ཁ་བ་ཅན་འདི་ངེད་ལྷ་སྲིན་འདྲེ་སྲིན་མི་མ་ཡིན་རྣམས་ཀྱིས་དབང་བ་ཡིན་པ་ལ། རྒྱལ་པོ་སྲོང་བཙན་སྒམ་པོ་ཆོས་བྱེད་ཟེར་ཏེ། སངས་རྒྱས་ཟེར་བ་དང༌། ཆོས་ཟེར་བ་ལ། མི་ནད་དང༌། ཕྱུགས་ནད་དང༌། ལོ་ཏོག་ལ་བཙའ་དང༌། ཐན་པ་དང༌། སད་དང༌། སེར་བ་དང༌། ལོ་ཉེས་གཏོང༌། འཇིག་རྟེན་དུ་ཉེས་དགུ་ཐམས་ཅད་གཏོང༌། བཙད་པོའི་ལྷ་ཁང་ཡང་སྔར་བཤིག་པ་དེ་ལེགས་སོ། །ད་ཡང་བཤིག་པར་བྱའོ། །དེ་ལ་ཡང་རྡོའི་ཆར་དབབ་པར་བྱའོ། །ཞེས་ཟེར་ཏེ་གྱེས་ནས་སོང་ངོ༌། །དེ་ནས་རྒྱལ་པོས་འདྲེའི་འདུན་ཕུང་བཤིག་པའི་ཕྱིར་དུ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས་ཇོ་བོ་བཞད་པའི་ཞལ་གཉིས་ནས་འོད་ཟེར་བྱུང་ནས་རྣམ་པ་གཉིས་སུ་སོང་བས། འོད་ཟེར་གཅིག་གི་སྣ་ལ་དཔལ་རྟ་མགྲིན་བྱུང༌། གཅིག་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་བྱུང༌། དེ་གཉིས་ཀྱི་ཐུགས་ཁ་ནས་མེ་དཔུང་བསྐལ་བའི་ལེ་ལྟ་བུ་འཕྲོས་པས། ཤིང་སྡོང་གི་རྩ་བར་འདྲེའི་འདུན་ཕུང་ཡོད་པ། འདྲེ་ཐམས་ཅད་བརྒྱལ་པར་གྱུར་པ་ལ། རྒྱལ་པོའི་ཕྱག་སོང་བས་ལྷོ་ཕྱོགས་གླ་བའི་ཚལ་ན་དུག་གི་སྡོང་པོ་ཡོད་པ་ལ་ཕོག་པས། དུག་ཐོར་ཕྱག་རྒྱས་བཅིངས་ཏེ། དུས་མཐའི་རླུང་ངམ། བསྐལ་པ་བསྲེགས་པའི་མེ་བཏང་བས་འདྲེ་རྣམས་ཕྱིའི་རྒྱ་མཚོའི་གླེ་ལ་བསྐྱལ་བས། འདྲེ་རྣམས་བརྒྱལ་པ་ལས་སངས་ཏེ་ཉི་ཟེར་ལ་ལག་པས་མིག་སྐྱོར་ནས་ཁ་བ་ཅན་དུ་ལྟའོ། །ཁྲོ་བོ་གཉིས་ཀྱི་མེ་ཕུང་གི་གླ་བའི་ཚལ་གྱི་བྲག་ལ་བཅོམ་ལྡན་འདས་ཁ་སརྤ་ཎི། དཔལ་རྟ་མགྲིན་དང༌། ཨ་མི་དེ་བའི་གཟུགས་སུ་ཆགས། དེ་ལ་རྒྱལ་པོ་དགེས་ཏེ་ཐུགས་ངོ་མཚར་བར་གྱུར་ཏོ། །སང་ནངས་པར་བལ་པོ་ལྷ་བཟོས་འོད་ཟེར་ཇི་ལྟ་བ་བཞིན་དུ་རྡོ་ལ་བརྐོས་ཏེ་འབུར་ཏུ་བཏོན་ནས་བཞག་གོ། །རྒྱལ་པོའི་ཞལ་ནས་བལ་པོའི་ལྷ་བཟོ་བ་ལ་ཁྱོད་ཀྱི་མདང་གི་ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་གྱི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་གྱི་སྣའི་ལྷ་དེ་གཉིས་མཐོང་ངམ། གསོལ་བ། མཐོང་ལགས། བཀའ་བསྩལ་པ། འོ་ན་ལྷ་དེ་གཉིས་ཀྱི་གཟུགས་གྱིས་དང་ཅེས་བསྒོ་བ་དང༌། བལ་པོ་ལྷ་བཟོ་བས་རྟ་མགྲིན་དང༌། ཁྲོ་བོ་བདུད་རྩི་འཁྱིལ་བའི་འོད་ཟེར་ལྟར་བཟོ་བྱས་སོ། །ད་རུང་གྱིས་དང་གསུངས་པས། ཁ་སརྤ་ནི་དང་འཇིག་རྟེན་དབང་ཕྱུག་བྱས་སོ། །ཐུགས་རྗེ་ཆེན་པོའི་འཁོར་ཉུངས་སོ། །ད་རུང་གྱིས་དང་བྱས་པས། དོན་ཡོད་ཞགས་པ་དང༌། ཡིད་བཞིན་འཁོར་ལོ་དང༌། ཨ་ཡུ་ཏ་ར་དང༌། ལྷ་མོ་འོད་ཟེར་ཅན་ཏེ་གཙོ་འཁོར་དགུ་ཕོ་བྲང་དེ་ཉིད་དུ། རྒྱལ་པོའི་དབུ་སྔས་སུ་བཞུགས་སོ། །དེ་ལྟར་ས་དགྲ་བཟློག་ནས་ད་ལྷ་ཁང་བརྩིག་ཏུ་བཏུབ་པར་མཁྱེན་ཏེ། རྒྱའི་དབེན་ཁང་དཔེ་ཧར་ལ་དཔེ་བྱས། གཟིངས་འབྲིང་པོ་ལ་ཚད་བྱས་ནས་ཁ་བ་ཅན་དུ་དམ་པའི་ཆོས་ལ་སོགས་ལེགས་དགུ་ཅོག་དར་བར་བྱ་བ་དང༌། ཉེས་དགུ་ཅོག་ནུབ་པར་བྱ་བའི་ཕྱིར། སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་གོར་ཕྱེད་དུ་བཏང་ནས། ལ་ལས་ས་སྐྱས། ལ་ལས་རྡོ་སྐྱས། ལ་ལས་ཤིང་བཅད། ལ་ལས་རྩིག་པ་བརྩིགས་ནས་གོར་ཕྱེད་ཤིང་ཕྱེད་དུ་བཏང་ངོ༌། །སྐྱེ་བོ་ཕལ་པས་མི་མཐོང་བར་བྱ་བའི་ཆེད་དུ་ན་བུན་གྱིས་སྒྲིབ་པར་བྱས་པའི་གསེབ་ཏུ་ཕ་ཡ་དི་རི་རི་བརྩིགས་པས་ཉི་མ་གཅིག་ལ་རྩིག་པ་རྣམས་འབྱོངས་པར་བྱས་སོ། །ཡང་འཕྲོ་རྩིག་ཏུ་མ་བཏུབ་ནས་སྤྲུལ་པ་མཛད་དེ། བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དཔུང་མགོ་དང༌། དཔྱི་མགོ་མནན་པར་བྱ་བའི་ཆེད་དུ་རུ་བཞིའི་གཙུག་ལག་ཁང་ཆེན་བཞི་བཞེངས་སུ་གསོལ་བ་ནི། དཔུང་པ་གཡོན་པ་ལ་གཡུང་དྲུང་གཡོ་རུ་ཁྲ་འབྲུག་བཞེངས་སོ། །དཔུང་མགོ་གཡས་པར་དབུ་རུ་ཀ་ཚལ་བཞེངས་སོ།