R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ལུང་མ་བསྟན་པའི་ཆོས་ཀྱི་གཏམ་ཟེར་ཞིང༌། །གྲགས་པ་མྱོས་འཆོལ་ཆོས་བཤད་མཁན་དུ་བྱེད། །འདྲེ་རྒྱུད་རྣམས་ལ་རྗེ་བཙུན་ཟེར་ཞིང་འཁུར། །ཆོས་འདུལ་ཟེར་ཞིང་བབ་ཅོལ་མང་པོ་སྨྲ། །འདྲེ་ལབ་ཅན་ལ་ཡེ་ཤེས་འབབ་ཅེས་ཟེར། །བདུད་ཀྱི་སྤྲོ་སྐྱིད་བྱིན་བརླབས་ཟེར་བ་འབྱུང༌། །གདམས་ངག་ཟེར་ཞིང་ལོག་ཆོས་མང་པོ་སྨྲ། །གདམས་ངག་ཟེར་ནས་མུ་སྟེགས་གསང་ཚིག་སྟོན། །དེ་ལྟར་ལོག་པའི་རྒྱུན་ལ་ཞུགས་པ་ཡིས། །བུད་མེད་ཕོ་སྤྱོད་ཐོ་ཅོ་བྱེད་པ་འབྱུང༌། །རང་ལུགས་ཉམས་ཤིང་འཇིག་པས་ཆོས་ལུགས་སྨད། །དེ་ཡིས་ངན་སོང་འགྲོ་བ་མང་པོར་འགྱུར། །སྒྲོད་ལུགས་མི་ཤེས་ངོ་ཚ་མེད་པར་སྤྱོད། །རྒྱུ་འབྲས་བདེན་པར་མི་དགེ་སྣ་ཚོགས་སྤྱོད། །དེ་ལྟར་སྤྱོད་ལོག་རྣམས་ལ་དད་པར་འགྱུར། །བྱས་པའི་ཆོས་ཀྱིས་སངས་རྒྱས་མི་རྒྱ་ཞེས་ཟེར། །མ་བྱས་ལྷུན་གྲུབ་རང་བྱུང་དགོས་སོ་ཟེར། །བྱེད་པར་མ་ནུས་ཚེ་ན་དེ་ལ་དད་པ་མང༌། དད་པས་བསླུས་ནས་ཕུངས་པས་སྣང་ཞེས་བསད་ནས་བསླུས། །དགེ་བཤེས་དང་ལྟར་སྣང་བའི་ཡིད་འགྲོགས་ཁྲིད། །ལོག་པའི་ལམ་ཞུགས་ངན་འགྲོར་ཁྲིད། །སྔགས་པ་ཁ་ཅིག་སྔགས་ལ་རྩིངས་ཆོས་བྱེད། །དམ་ཆོས་ཡོན་ལ་བླངས་ནས་གསང་བ་སྒྲོག །གསེར་ཆོས་ཟེར་ཞིང་ཆོས་ལ་རིན་ཐང་གཅོད། །ལ་ལས་མ་ཐོས་རྒྱུད་ལ་བཤདང་པ་བྱེད། །ལ་ལ་དབང་མ་ཐོབ་པར་དབང་བསྐུར་བྱེད། །བསྙེན་བཀུར་ཆགས་ཤིང་འདོད་ལ་ཞེན་པ་ཡིན། །རླུང་བཅུད་མ་འདུས་སེམས་དབང་མ་འདུས་པ། །དེ་དག་མཆོད་རྟེན་བཤིག་དང་ཁྱད་པར་མེད། །ལ་ལ་དགེ་སློང་ཤེས་རབ་ཡེ་ཤེས་ནི། །བུད་མེད་དག་ལ་ལེན་བྱེད་ཅིང་བསྐུར། །སྡོམ་བརྩོན་བཤིག་ནས་དམྱལ་བར་འཕེན་པར་འགྱུར། །དེ་ནི་ལོག་པའི་ཆོས་ལ་སྤྱོད་པ་ཡིན། །བསྙེན་བཀུར་གྲགས་འདོད་དམ་ཆོས་བྱེད་པ་དང༌། །ཉན་ཐོས་བསམ་པ་བྱེད་དང་སྒོམ་པ་དང༌། །ཆོས་བཀའ་ཉམས་པས་ངན་འགྲོར་འགྲོ་བར་འགྱུར། །ཚུལ་ཁྲིམས་ཉམས་དང་དམ་ཚིག་ཉམས་པར་འགྱུར། །ཆོས་བཀའ་ཉམས་དང་སྤྱོད་པ་ཉམས་པ་ཡིས། །བཤེས་གཉེན་བསྟེན་པ་ཐམས་ཅད་ངན་འགྲོར་འགྲོ། །བཙུན་པའི་ཆོས་གོས་གོན་ཞིང་བསླབ་པ་བྲལ། །དེ་འདྲའི་ཚུལ་འཆོས་བྱེད་པའི་མི། །དད་རྫས་ལོངས་སྤྱོད་བྱེད་ཅིང་དཀོན་མཆོག་བསླུ། །རང་ཉིད་ངན་འགྲོར་རང་གིས་འཕེན། །བདེ་བའི་ལོངས་སྤྱོད་བསགས་པས་ངན་སོང་འགྲོ། །ལ་ལ་བདེ་བའི་ཆོས་ཟེར་རང་ཉིད་ལས་ངན་བྱེད། །ལ་ལ་སྔགས་བཙུན་ཟེར་ནས་ཚུལ་ཁྲིམས་ཉམས། །ལ་ལ་ཆ་ལུགས་ཙམ་གོན་ཚོང་དང་ཁེ་སྤོགས་བྱེད། །ཆ་ལུགས་བཟང་པོས་ཆོས་རྐུན་རྫུན་སྤྱོད་བྱེད། །ཀྱེ་མ་སངས་རྒྱས་བརྫུས་ནས་དམྱལ་བར་འགྲོ། །དེའི་བཅོས་མ་བག་ཙམ་སྣ་ཚོགས་འབྱུང༌། །སངས་རྒྱས་བསྟན་པ་རིམ་གྱིས་འཇིག་པར་འགྱུར། །ཡུན་རིང་མི་གནས་རྟག་ཏུ་དེ་རྣམས་བསྟན། །ཀྱེ་མ་དེ་དུས་མི་ལུས་ཐོབ་པ་ཀུན། །སེམས་སྟོབས་མ་ཞན་རྩོལ་བ་མ་ཆུང་བར། །ཡང་དག་དགེ་བའི་བཤེས་གཉེན་དམ་པ་སྟེན། །དེས་གསུངས་པ་ཚད་མར་ངེས་པར་ཟུངས། །ཐུགས་ཀྱིས་དགོངས་ལ་སྤྱོད་པའི་རྗེས་སུ་འབྲང༌། །མི་རྟག་འཆི་བར་ངཻས་ཀྱིས་དམ་ཆོས་སྒྲུབ་པ་མཛོད། །ནམ་འཅི་རང་དབང་མེད་པས་དམ་ཆོས་མྱུར་དུ་སྒྲུབས། །དངོས་པོ་མི་ལའང་མ་ལྟ་དམ་ཆོས་སྙིང་ལ་ཞོག །རྟེན་འབྲེལ་འཕྲུལ་འཁོར་བདེན་པས་དམ་ཆོས་སྒྲུབས། །སྡུག་བསྔལ་སྡིག་པ་འབྱུང་བས་ལས་ངན་སྤོང་བར་མཛོད། །ཀུན་རྫོབ་རྒྱུ་འབྲས་བདེན་པས་ཚུལ་ཁྲིམས་སྡོམ་པ་སྲུངས། །འཁོར་དགུ་ཉོན་མོངས་སྤོངས་ལ་བྱང་ཆུབ་སེམས་མ་བཏང༌། །སྲོག་གི་ཕྱིར་ཡང་བྱང་ཆུབ་སྤོང་མི་བྱ། །འཁོར་བའི་གནས་ལུགས་སྤོང་ཞིང་དེ་ལ་སྐྱོ་བར་གྱིས། །འགྲོ་བ་མ་ལུས་བྱམས་དང་སྙིང་རྗེས་ཟུངས། །དེ་རྣམས་དོན་དུ་བྱང་ཆུབ་སེམས་བསྐྱེད་ཅིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་མ་ཉམས་སྲུངས། །ཆོས་ཀུན་རང་བཞིན་སྤྲོས་བྲལ་འགག་མེད་སྒོམས། །དོན་དམ་ཀུན་རྫོབ་བདེན་གཉིས་ཟུང་འཇུག་གིས། །བླ་མེད་བྱང་ཆུབ་ལམ་ལ་ཚུད་པར་མཛོད། །ཁྱིམ་ལས་རབ་ཏུ་བྱུང་བའི་ཆོས་མཛད་ཀུན། །རང་དང་སྤྱོད་པ་མ་ཉམས་དེ་ཉིད་རྣལ་མ་ཡིན། །མངོན་སུམ་མུ་སྟེགས་སྤྱོད་པ་མ་མཛད་པར། །རང་གིས་རང་ཚོད་བཟུང་ལ་རང་སེམས་དྲང་པོར་སྤྱོད། །སྟོང་ཉིད་ཚིག་ལ་མ་ཞེན་བདེན་ཚིག་རྣམ་ལ་མར་སྤྱོད། །ཆོས་རྣམས་ཁ་ལ་མ་འཁྱེར་དེ་ཉིད་རྟོགས་པར་སྤྱོད།