།གཞན་ལ་སྒྲོ་བསྐུར་མ་འདེབས་རང་སེམས་དཔང་དུ་ཚུགས། །ཆོས་རྣམས་བཟང་ངན་མ་འབྱེད་དེ་ཉིད་གཅིག་ཏུ་སློབས། །དེ་ལྟར་སྤྱད་ན་བཀྲ་ཤིས་བདེ་ལེགས་འབྱུང༌། །གཟུགས་སྐུ་འདི་ཡང་བྱང་ཆུབ་སེམས་དཔས་ནི། །ལོ་ནི་ཉིས་བརྒྱར་བསྙེན་བཀུར་བྱེད་པར་འགྱུར། །དེ་ནས་བསྟན་པའི་སྒྲོན་མེ་ནི། །སྟོན་པ་རྣམས་ཀྱིས་བསྙེན་བཀུར་བྱེད་པར་འགྱུར། །དེ་ནས་བསྟན་པའི་སྒྲོན་མེ་བྱང་སེམས་དགེ་སློང་ཆེན་པོ་ནི། །དམ་པ་མང་པོས་བསྙེན་བཀུར་བྱེད་པར་འགྱུར། །དེ་རྣམས་ནང་ནས་བསྙེན་བཀུར་ཆེར་མཛད་པ། །དགེ་སློང་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། །ཤར་ལྷོའི་མཚམས་སུ་སྐུ་འཁྲུངས་པའི། །གསང་སྔགས་འཆང་བའི་རྣལ་འབྱོར་ཆེན་པོ་ནི། །སྨིན་གྲོལ་མཛད་པའི་སྐྱེས་བུ་དམ་པ་ཡིན། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་དག་བསྙེན་ཅིང་བཀུར་བ་ཆེན་པོ་མཛད། །ཅི་ཕྱིར་འཕགས་པའི་གང་ཟག་ཡིན་ཞེ་ན། །སངས་རྒྱས་དག་ལ་མཛད་པ་མང་པོ་མཛད། །འཕགས་པ་རྣམས་ལ་དེ་མ་མཛད། །དེའི་ཕྱིར་ན་འདི་རྣམས་འཕགས་པའི་གང་ཟག་གོ། །དེ་ལྟར་འཕགས་པའི་གང་ཟག་རྣམས་འབྱུང་ཞིང༌། །འཁོར་ནི་ལེགས་པར་གནས་པའི་གསུང་རབ་དང༌། །སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང༌། །རི་བོ་ཡོན་ཏན་ཅན་ཡང་འདི་ན་ཡོད། །ཙ་རི་ཙ་གོང་བདེ་མཆོག་རང་བྱུང་དང༌། །རྡོ་ཆུ་རིན་པོ་ཆེ་ཡང་འདི་ན་ཡོད། །ཏི་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །བདུད་རྩིའི་ཆུ་ཡང་རི་བོ་དེ་ལ་ཡོད། །བདུད་རྩིའི་འཆི་སོས་སྨན་ཡང་དེ་ལ་ཡོད། །གྱེ་རེ་ཡར་འཕྲང་བྲག་ལ་ཡིག་དྲུག་རང་བྱོན་ཡོད། །མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ལ་ཡོད། །མ་ཕམ་མཆོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ལས་འབབ། །རི་རྒྱལ་རྩི་རྒྱལ་གྲགས་པའང་དེ་ལ་ཡོད། །ལ་ངག་མཚོ་ལ་རྒྱལ་པོ་ར་མ་ཎ་དང་སྲིན་པོ་འཐབ་པ་ཡོད། །ཁྲི་ཤོར་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །ཆུ་ཡིན་ཆེན་པོ་ཀུན་ལ་ཕན་པར་མཛད། །གནམ་མཚོ་ཕྱུག་མོའི་ནང་ཀླུ་སྨན་བྱང་ཆུབ་སེམས། །ཐང་ལའི་བྲག་ལ་དགྲ་བཅོམ་མང་པ་ཡོད། སྣུབས་མཙོ་གླིང་དགུའི་ནང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཧ་བོའི་གངས་ལ་དགྲ་བཅོམ་མང་པོ་ཡོད། །གཉི་བདག་གནོད་སྦྱིན་གང་བ་བཟང་པོ་གནས། །རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །སྒྲ་དག་སྐད་སྙན་སམ་སྐྲི་ཏ་དང་མཚུངས། །རྒྱ་སྐད་ཆོས་སྐད་སྦྱར་བའི་སྒྲ་དང་མཚུངས། །ཡངས་ཤིང་ཐ་གྲུ་ཆེ་བདེའི་སྤྱད་དང་ཡོད། །དེ་ལྟར་ཡོན་ཏན་ལྡན་པ་ཁ་བ་ཅན་གྱི་ཡུལ། །དེ་དབུས་སྐྱེས་པའི་མི་ལུས་ཐོབ་པ་རྣམས། །དམ་ཆོས་སློབ་ལ་རྩོལ་བ་མ་ཞན་ཅིག །སྔོན་གྱི་སྨོན་ལམ་དག་པས་དེ་འདྲའི་ཡུལ་སྐྱེས་ནས། །དད་གུས་མོས་པ་ཡོད་པར་ལྡན་པ་ནི། །གཞན་བྱ་མི་དགོས་སྐུ་གཟུགས་འདི་ལ་གུས་པ་ཐམས་ཅད་ནི། །ཕྱིར་མི་ལྡོག་པར་རྒྱལ་བས་ལུང་བསྟན་པས། །འདི་ལ་གུས་པས་མཆོད་ཅིག་བོད་འབངས་རྣམས། །བདག་གིས་དེ་སྐད་སྐུལ་མ་འདེབས་བྱེད་པ། །སྙན་ཕྱིར་མ་ཡིན་གྲགས་པའི་ཕྱིར་མ་ཡིན། །སྙིང་རྗེ་ཀུན་ནས་བསླངས་པའི་ཙིག་ཡིན་པས། །གུས་པས་སྤྱི་བོས་བཏུད་དེ་བླང་བར་མཛོད། །ཅེས་གསུངས་ཏེ། རྒྱལ་པོ་ཡབ་ཡུམ་གསུམ་པོ་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ལ་ཐིམ་པར་གྱུར་ཏེ། བློན་པོ་སྣ་ཆེན་པོ་དང་བོད་ཀྱི་བློན་པོ་གློ་བ་ཉེ་བ་རྣམས་ན་རེ། ངེད་དང་རྒྱལ་པོ་ཞལ་མ་མཇལ་ཟེར་ན། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག ཅི་བསམ་དོན་དུ་འགྲུབ་པར་འགྱུར་ཞེས་གྱིས་ཤིག ལྷ་གཅིག་ཁྲི་བཙུན་ཞལ་ཕྱིར་ལོག་མཛད་ནས་སྣ་ཆེན་པོ་ལ། བོད་ཀྱི་བློན་པོ་གློ་བ་ཉེ་བ་རྣམས་ངེད་ལྷ་གཅིག་ཁྲི་བཙུན་དང་ཞལ་མ་མཇལ་ཟེར་ན། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་ཕྱག་གྱིས་ཤིག ཅི་བསམ་དོན་དུ་འགྲུབ་པར་འགྱུར་རོ་གསུངས། ལྷ་གཅིག་ཀོང་ཇོ་ཞལ་ལོག་བྱས་ནས་སྣ་ཆེན་པོ་བོད་ཀྱི་བློན་པོ་གློ་བ་ནེ་བ་རྣམས་ན་རེ། ངེད་ལྷ་གཅིག་ཀོང་ཇོ་དང་ཞལ་མ་མཇལ་ཟེར་ན། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་ཕྱག་གྱིས་ཤིག ཅི་བསམ་དོན་དུ་འགྲུབ་པར་འགྱུར་རོ། །གསུངས་ནས་ཡབ་ཡུམ་གསུམ་ག་ལྷ་ལ་ཐིམ་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཕྱག་གཉིས་བརྐྱངས་ནས་ལྷ་གཅིག་གཉིས་ཀྱི་སྤྱི་བོར་བཞག་པས། ལྷ་གཅིག་ཁྲི་བཙུན་པད་མ་དཀར་པོ་འདབ་མ་བརྒྱད་པ་ཡི་གེ་བམ་གྱིས་མཚན་པར་གྱུར་ཏོ།