R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།བྲམ་ཟེ་སྤུན་གྱིས་རྟེན་ཇི་ལྟར་བཞེངས་པའི་ལོ་རྒྱུས་ནི། དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་ན། རྒྱལ་པོའི་ཁབ་ན་བྲམ་ཟེ་མ་ཧཱ་པ་ལ་བྱ་བའི་ཁྱིམ་བདག་ཅིག་ལ་བུ་གསུམ་ཡོད་པ་ལ། དེ་གསུམ་ཡང་དད་པ་ཆེ་ཞིང་ཆོས་ལ་མོས་པ་ལ། ཉིན་རེ་བཞིན་འཐབ་ནས་མིག་མཆི་མ་ཙ་རེ་འོངས་པ་ལ། ཕ་མས་གྲང་ན་རས་གྱོན། ལྟོག་ན་འབྲས་ཟོ། ཁྱོད་གསུམ་ཅི་ལ་རྩོད་ཅེས་སྨྲས་པས། བུ་ཆུང་བ་ན་རེ། ངེད་ལྟོགས་པ་དང་གྲང་བས་རྩོད་པ་མ་ཡིན། ངེད་ཆོས་ལུགས་ལ་མ་འཆམས་ཏེ། ཕྱི་ནང་གི་གྲུབ་མཐའ་མི་མཐུན་པ་ཡིན། ངས་དཀོན་མཆོག་གསུམ། ཆོས་ལུགས་སངས་རྒྱས་བཟང་བྱས། ཕུ་བོ་གཉིས༌། ལྷ་མ་ཧཱ་དེ་བ། ཆོས་ལུགས་མུ་སྟེགས་བྱེད་བཟང་ནས་དེ་ལ་མ་འཆམས་ནས་འཐབ་ཅེས་སོ། །དེ་ནས་ཕ་མ་ལ་གང་བཟང་དྲིས་པས། མས་སྨྲས་པ། འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་རི་བོ་གངས་ཅན་ལ། ལྷ་མ་ཧཱ་དེ་བ་ཡབ་ཡུམ་བཞུགས་པས་ལྷ་ཆེན་པོ་ལ་དྲིས་ཤིག་ཟེར་ནས། བུ་གསུམ་གྱི་རྐང་པ་ལ་རྐང་མགྱོགས་ཀྱི་རྫས་བྱུགས་ནས་ནམ་མཁའ་ལ་འཕུར་བཏང་ངོ༌། །དེ་ནས་སྤུན་གསུམ་པོས་རི་བོ་གངས་ཅན་གྱི་འདབས་སུ་ཕྱིན་པ་དང༌། ལྷའི་བུ་མོ་མང་པོ་རིན་པོ་ཆེའི་སྣོད་མཛེས་པ་ཐོགས་ནས་མེ་ཏོག་མང་པོ་འཐུ་ཡིན་འདུག་ནས། བུ་མོ་དེ་རྣམས་ལ་དྲིས་པ། ཁྱེད་སུ་ཡིན། མེ་ཏོག་དེ་རྣམས་བཏུས་ནས་ཅི་བྱེད་ཅེས་སྨྲས་པས། བུ་མོ་རྣམས་ན་རེ། ངེད་རྣམས་ལྷ་ཆེན་མ་ཧཱ་དེ་བ་ཡབ་ཡུམ་གྱི་འཁོར་གཡོག་ཡིན། མེ་ཏོག་འདི་རྣམས་འཕགས་པ་དགྲ་བཅོམ་པ་རྣམས་ནངས་པར་གདུགས་ཚོད་ལ་སྤྱན་འདྲེན། དེ་ལ་མཆོད་པ་བྱེད་པ་ཡིན་ཟེར་རོ། །འོ་ན་ངེད་ལྷ་མ་ཧཱ་དེ་བའི་ཞལ་ལྟ་བ་ཡིན། ཁྱོད་ཀྱིས་ཞུ་སྣ་གྱིས་ལ་ཁྲིད་ཅིག་ཅེས་སྨྲས་པས། ལྷ་མོ་དེ་རྣམས་དང་འགྲོགས་ནས་ཕོ་བྲང་རོ་བོ་གངས་ཅན་ཡོད་སར་ཕྱིན་པ་དང༌། རིན་པོ་ཆེའི་ཕོ་བྲང་ན་གདན་མང་པོ་བཤམས་འདུག ཉན་ཐོས་འཕགས་པ་དགྲ་བཅོམ་པ་མང་པོ་རྫུ་འཕྲུལ་གྱིས་བྱོན་ནས་གདན་ལ་བཞུགས་པ་ལ། ལྷ་ཆེན་མ་ཧཱ་དེ་བ་འཁོར་དང་བཅས་པ་རྣམས་ཕྱག་འཚལ། མཆོད་པ་འབུལ། གདུགས་ཚོད་འདྲེན་བྱེད་ཀྱིན་འདུག དེར་བྲམ་ཟེ་སྤུན་གྱི་ཡིད་ལ། ལྷ་མ་ཧཱ་དེ་བ་ཡང་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་མཆོད་པ་བྱེད། ཕྱག་འཚལ། གདུགས་ཚོད་འདྲེན་པར་འདུག ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བར་འདུག་སྙམ་དུ་སེམས་སོ། །དེ་ནས་འཕགས་པ་དགྲ་བཅོམ་པ་རྣམས་ནམ་མཁའ་ལ་གཤེགས་སོ། དེ་ནས་བྲམ་ཟེ་སྤུན་གསུམ་གྱིས་ལྷ་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་དྲིས་སོ། །ནང་པ་སངས་རྒྱས་པ་དང༌། ཕྱི་པ་མུ་སྟེགས་པ་གཉིས་ཆོས་ལུགས་གང་བཟང་ཞུས་པས། ལྷ་དབང་ཕྱུག་ཆེན་པོ་ན་རེ། ང་མུ་སྟེགས་བྱེད་རྣམས་ཀྱི་མཐར་ཐུག་གི་ལྷ་ཡིན། མཐུ་དང༌། རྫུ་འཕྲུལ་དང༌། ནུས་པ་དང༌། ཚེ་འདིའི་དགོས་པ་རྣམས་འབྱུང༌། གནོད་པ་ཞི་བར་བྱེད། ནུས་པ་མུ་སྟེགས་བྱེད་མྱུར་བ་ཡིན། ཚེ་ཕྱི་མའི་ཐར་པ་བྱང་ཆུབ་བསྒྲུབ་པ་ནི། ནང་པ་སངས་རྒྱས་པའི་ཆོས་འདི་ཡིན། ང་ཡང་ཕྱི་མའི་བདེ་ལེགས་འདོད་པའི་ཕྱིར། ཉན་ཐོས་འཕགས་པ་དགྲ་བཅོམ་པ་རྣམས་ལ་ཕྱག་དང་མཆོད་པ་བྱེད་པ་ཡིན། ཐར་པའི་ལམ་བཟང་པོ་ཐོབ་པར་འདོད་ན། ནང་པ་སངས་རྒྱས་པ་བཟང་གསུངས་སོ། །དེ་ནས་བུ་གསུམ་ཀས་ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་པར་ཤེས་ནས་ཕྱིར་ལོག་སྟེ། ཕ་མའི་དྲུང་འོངས་པ་དང༌། ཕ་མས་དྲིས་པ། ཁྱེད་ལྷ་དབང་ཕྱུག་ཆེན་པོ་དང་མཇལ་ལམ། ཅི་སྐད་གསུངས་དྲིས་པར་ལོ་རྒྱུས་རྣམས་བཤད་པས། ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བར་འདུག་པས། ངཻད་གསུམ་ཆོས་བྱེད་པ་ལ་ཡི་དམ་རེ་དགོས་པས། ཡི་དམ་གང་གིས་བཞེངས། ལྷ་ཁང་གང་དུ་བརྩིག་ཅེས་ཕ་མ་ལ་ཞུས་པས་བྲམ་ཟེ་མོ་གསལ་འོད་ན་རེ། ཆོས་ལུགས་ནང་པ་བཟང་བར་ངེད་ཕ་མས་ཤེས་མོད། ཁྱོད་རང་རྣམས་ཡིད་མ་ཆེས་ཀྱི་དོགས་ནས་འདྲིར་བཏང་བ་ཡིན། ཁྱོད་ལ་ལྷ་བཞེངས་པ་ངས་བསྟན་གྱི་ཟེར་ནས། བུ་ཆེ་ཤོས་མ་ཧཱ་པ་ལ་ལ་ཁྱོད་ཀྱིས་རི་བོ་གངས་ཅན་གྱི་རྒྱུད། སྐལ་ལྡན་ཤིང་རྟའི་འགྲམ། ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་པའི་ས། རི་དྭགས་རྒྱུ་བའི་ཚལ། བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་དེ་ན།