R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།གྲུབ་མཐའ་འཛིན་པ་དེ་གཉིས་ལམ་བཅོ་བརྒྱད་དུ་གྱེས་ལུགས་བསྟན་པའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱི་རྟེན་བྱུང་ཚུལ་ནི། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་དང་མཉམ་པ་བཞི་ཡོད་དེ། བྱམས་པ་ནི་དམ་པ་ཏོག་དཀར་པོས་དགའ་ལྡན་ནས་འཛམ་བུའི་གླིང་དུ་བྱོན་པའི་དུས་སུ་བྱམས་པ་རྒྱ་གར་ལྷོ་ཕྱོགས་ཀྱི་ཁྲོང་ཁྱེར་གསེར་ལྡན་ན་ཡོད་པ་ལ་ལྷ་ཡུལ་དུ་སྟོན་པའི་རྒྱལ་ཚབ་དགོས་ནས་དགའ་ལྡན་དུ་སྐྱེ་བ་བཞེས། ཆོས་ཀྱི་རྒྱལ་ཚབ་མཛད་དོ། །འཇམ་དཔལ་ནི་ཤར་ཕྱོགས་ཀུན་ཏུ་བཟང་པོའི་ཞིང་ནས་ཟབ་མོའི་དོན་ཞུ་ཆེན་ལ་བྱོན་པ་ཡིན་ནོ། །སྤྱན་རས་གཟིགས་ནི་ནུབ་ཕྱོགས་བདེ་བ་ཅན་ནས་གསུང་རབ་ཀྱི་མཛོད་འཛིན་པ་ལ་བྱོན་པ་ཡིན་ནོ། །ཕྱག་ན་རྡོ་རྗེ་ནི་ཤར་ཕྱོགས་མངོན་པར་དགའ་བ་ནས་བདུད་དང་མ་རུངས་ཐམས་ཅད་འདུལ་བའི་དོན་ལ་བྱོན་ནས་བྱང་ཆུབ་སེམས་དཔའ་བཞིས་བསྟན་པ་སྐྱོང་ངོ༌། །ཚུལ་རྣམས་ནི་གོང་དུ་བསྟན་པ་རྣམས་སོ། །དེ་བཞིན་སྐུ་དང་གསུང་དང་ཐུགས་དང་མཆོད་རྟེན་རང་བྱུང་དུ་བྱོན་པ་དང༌། བཟོ་བོས་བྱས་ཏེ་ཡོན་གྱི་བདག་པོས་བཞེངས་པ་ནི་བསམ་ལས་འདས་སོ། །དེ་རྣམས་ཀྱི་འགྲོ་དོན་ནི་བསམ་ལས་འདས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཁྱིའུ་དང༌། བུ་མོ། ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། རྒྱལ་པོ་དང༌། བྲམ་ཟེ་དང༌། དེད་དཔོན་གྱི་ཆ་བྱད་རྣམས་དང༌། དུད་འགྲོའི་ལུས་བླངས་ནས་དེའི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡང་བསམ་ལས་འདས་སོ། །བསྐལ་བཟང་ལྔ་བརྒྱ་དང་གཙོ་ཆེན་བརྒྱད་མིའི་ཡུལ་ན་བཞུགས་པར་བཤད་དོ། །ལི་ཡུལ་འདིར་ནི་སངས་རྒྱས་སྟོང་པོ་ཐམས་ཅད་ཀྱི་བསྟན་པ་འབྱུང་བར་ལུང་བསྟན་པ་ལས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ནུབ་ནས་དེར་དྲང་སྲོང་གཉིས་ཀྱིས་དགེ་བའི་བཤེས་གཉེན་བྱས་སོ། །དེ་གཉིས་ཀྱང་མི་ངན་པ་རྣམས་ཀྱིས་གཙེས་པས་རྫུ་འཕྲུལ་གྱིས་ཡུལ་གཞན་དུ་སོང་ངོ༌། །དེར་ཀླུ་རྣམས་ཀྱིས་ཡུལ་དེ་མཚོར་བཏང་ངོ༌། །དུས་ཕྱིས་སངས་རྒྱས་ཤཱཀྱ་ཐུབ་པ་འཁཽར་མང་པོ་དང་བཅས་པ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་བྱོན་ཏེ། རི་གླང་རུ་ལ་བཞུགས་ནས་མཚོ་དེ་ལ་པད་མོ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་འདུག་པ་དེ་སྐུ་གཟུགས་དང་བཅས་པའི་དགོན་པ་དང་གཙུག་ལག་ཁང་གྷན་དྷེ་བརྡུངས་པའི་སྡེ་དགོན་དེ་སྙེད་འབྱུང་བའི་སྔ་ལྟས་སུ་གསུངས་སོ། །མཚོ་དེ་ཤཱ་རིའི་བུའི་གསེག་ཤང་གི་ཡུ་བ་དང་རྣམ་སྲས་ཀྱི་གདུང་གི་རྩེ་མོ་གཉིད་ཀྱི་རལ་གྲིས་གཤོས་གཙང་པོ་ལ་ཕོ་སྟེ་ལི་ཡུལ་སྣང་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་དྲུང་དུ་བཟུགས་ཏེ་ཡུལ་དེ་བྱུང་བར་གྱུར་པའི་ཚེ། ཐུབ་པའི་སྐུ་གཟུགས་བྱེད་པར་ས་གཞི་བྱིན་གྱིས་བརླབས་སོ། །ནམ་མཁའི་སྙིང་པོས་ཀྱང་གཙུག་ཁང་འཇིག་ཚོགས་སྤོང་བྱེད་ཅེས་བྱ་བ་གྲུབ་ནས། ས་གཞི་མཆོད་གནས་སུ་འགྱུར་བར་བྱིན་གྱིས་བརླབས་སོ། །སྤྱན་རས་གཟིགས་ཀྱིས་ཀྱང༌། གཙུག་ལག་ཁང་འོད་མཛེས་ཞེས་པ་མཛད་ནས། དངོས་གྲུབ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབས་སོ། །བྱམས་པས་ཀྱང༌། གཙུག་ལག་ཁང་བི་སི་ནོ་ཉ་ཞེས་བྱ་བ་བསྒྲུབས་ནས་བདག་ཉིད་བཞུགས་པར་བྱིན་གྱིས་བརླབས་སོ། །སའི་སྙིང་པོས་ཀྱང་གཙུག་ལག་ཁང་ཡེ་ཤེས་རི་ཞེས་བྱ་བ་བཞེངས་ནས་བྱིན་གྱིས་བརླབས་སོ། །ཕྱག་དང་མཆོད་པ་བྱ་བར་བྱིན་གྱིས་བརླབས་སོ། །བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོས་གཙུག་ལག་ཁང་ས་ན་རྩེ་ཞེས་བྱ་བ་མཛད་ནས་དངོས་གྲུབ་མ་ལུས་པར་འབྱུང་བར་བྱིན་གྱིས་བརླབས་སོ། །ཀུན་ཏུ་བཟང་པོས་ཀྱང་གཙུག་ལག་ཁང་དགེ་འདུན་སྐྱོང་ཞེས་བྱ་བ་བསྒྲུབས་ནས་དངོས་གྲུབ་འབྱུང་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་དགྲ་བཅོམ་པ་རྣམས་ཀྱིས་ལི་ཡུལ་དུ་གཙུག་ལག་ཁང་དང་སྐྱེད་མོས་ཚལ་དང་དགོན་པའི་གནས་འབྱུང་བར་བྱིན་གྱིས་བརླབས་སོ། །དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་སོང་ནས་རྒྱ་ནག་གི་རྒྱལ་པོ་ཆ་ནང་ཞེས་བྱ་བ་ལ་བུ་སྟོང་དུ་གཅིག་གིས་མ་ཚང་བ་རྒྱལ་པོ་བྱ་ངན་མེད་མཆོད་རྟེན་གོ་མ་ས་ལ་གྷན་དྷ་ལ་མཆོད་པ་འབུལ་དུ་ཡོང་བ་ན་དེར་སྲས་གཅིག་བཙས་པ་ན་བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པས་ཡབ་ཀྱི་རིང་ལ་རྒྱལ་པོ་བྱེད་པར་ལུང་བསྟན་ཏོ།