R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ལེགས་པར་བལྟས་པས་དེ་དག་མཐོང་ན་དངོས་གྲུབ་སྣ་རེ་མི་ཡོང་མི་སྲིད་དེ་མཐོང་བ་ཉུང་སྐད། ར་བ་དེ་རྣམས་རྣམ་ཐར་སྒོ་གསུམ་གྱི་ཚུལ་དུ་སྒོ་གསུམ་ཡོད། དེར་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྐོར་བ་མཛད་པས། ཀ་པ་ལིའི་ནང་ན་ཐུགས་དམ་སྒྲོལ་མ་བཞུགས་ཏེ། བྲུས་ནས་ཡང་བླང་བར་བརྩམས་པས། སྒྲོལ་མའི་ཞལ་ནས། ང་མ་ལེན་པར་འདིར་ཞོག་དང༌། སེམས་ཅན་གྱི་དོན་དུ་འགྱུར་གྱིས་གསུངས་ནས་དེར་བཟུགས་ཏེ། དེའི་སྟེང་དུ་ཅོ་བ་རི་ཞེས་པའི་ལྷ་ཁང་ཞིག་མཛད་དོ། །དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བདག་ལ་དམ་ཚིག་གི་སེལ་ཡོད་པ་ཡིན་ནམ་དགོངས་ནས་ཙམ་པ་ཀའི་ཤིང་ལྔ་བཙུགས་ནས་བདེན་པའི་ངག་འདི་སྐད་ཅེས་བརྗོད་དོ། །ང་དམ་ཚིག་ཉམས་ན་ཤིང་དེ་དག་མི་སྐྱེ་བར་ཤོག་ཅིག དམ་ཚིག་མ་ཉམས་ན་ཤིང་འདི་དག་མྱུར་དུ་སྐྱེ་བར་ཤོག་ཅིག་ཅེས་གསུངས་པས། ཤིང་དེ་དག་སྐྱེས་ཏེ་ད་ལྟ་ཡང་ཡོད་དོ། །དེའི་མཚན་ཡང་ཀ་པ་ལི་ཏ་རེར་གྲགས་སོ། །རྡོ་རྗེ་གདན་གྱིས་ཤར་ལྷོའི་མཚམས་ཀྱི་ལྕགས་རིའི་ནང་ན། ཞལ་བྱང་དུ་བསྟན་ནས་བཞུགས་ཏེ། དེའི་སྐུ་ཚད་ནི་མཐོ་གསུམ་པར་ཡོད་པ་དེ་ཆེར་སོང་ནས་མཐོ་བཞི་པར་སོང་ཙ་ན། འཕགས་པ་ཀླུ་སྒྲུབ་བྱོན་ནས། སེམས་ཅན་གྱི་དོན་མཛད་སྐད་དོ། །སྐུ་དེ་དང་པོར་བྱོན་ཙ་ན་རང་བྱུང་མཐོ་གང་བ་ཞིག་བྱུང་བ་ཡིན་ཏེ་འཕྲལ་རིམ་གྱིས་སྐྱེས་བ་ཡིན་སྐད་དོ། །དེའི་རྩ་ན་མགྲོན་མོ་ཏ་རེ་བྱ་བ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་བྱོན་པའི་སྐུ་ཁྲུ་གང་བ་ཞིག་ཞལ་བྱང་དུ་གཟིགས་པ་དང༌། མཆོད་རྟེན་ཁང་བུའི་ནང་ན་ཡོད་པ་ཞིག་བཞུགས་སོ། །དེ་ན་ཤིང་ཎ྄ཡ་གྲོ་ཏའི་སྡོང་པོ་ཆེ་བ་ཞིག་ཀྱང་ཡོད་དོ། །བཅོམ་ལྡན་འདས་ཀྱི་སྐུ་བཞག་པ་གཅིག་ཀྱང་ཡོད། དེའི་ཉེ་ལོགས་ཀྱི་ལྷོ་ཕྱོགས་ན། རྒྱལ་པོ་ཆེན་པོ་བཞིས་ལྷུང་བཟེད་ཕུལ་བའི་ས་ན། དེའི་དཔེ་བྱས་པའི་མཆོད་རྟེན་ཡོད། དཔངས་སུ་འདོམ་བཟི་ཙམ་པ་གཅིག་བཞུགས། དེའི་ཉེ་ལོགས་ན་ཕར་སངས་རྒྱས་དང༌། ལྷའི་བུ་ཉི་མ་མཇལ་བའི་ས་ན། མཆོད་རྟེན་ཉི་མའི་རྟགས་ཡོད་པ་ཟིག་བཞུགས། ལྷའི་བུ་ཟླ་བ་དང་མཇལ་བའི་ས་ན་ཡང༌། མཆོད་རྟེན་ཟླ་བའི་རྟགས་ཡོད་པ་ཞིག་བཞུགས། ཆེ་ཚད་འདོམ་དྲུག་དྲུག་ཡོད་དོ། །བྱང་ཆུབ་ལམ་གྱི་སྟེང་ལོགས་ན་སངས་རྒྱས་དང༌། འཕགས་པ་དགའ་པོ་དང་འགྲོགས་ནས་བྱོན་པའི་ས་ན། མཆོད་རྟེན་འདོམ་དོ་ཙམ་པ་གཉིས་བཞུགས། རྡོ་རྗེ་ར་བའི་ཕྱི་ཟུར་ལྷོ་ནུབ་མཚམས་ན། མཆོད་རྟེན་དཔངས་སུ་འདོམ་ཕྱེད་དོ་ཙམ་པ། རྒྱུ་རྡོ་ལ་གྲུབ་པ་ཅིག་ཡོད་དོ། དེ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཞིག་གིས་མཛད་ཀྱང་ཟེར། མགྲོན་པོ་ཡིན་ཡང་ཟེར། དེའི་ནུབ་ཕྱོགས་འདོམ་ཉི་ཤུ་ཙམ་གྱི་ཚོད་ན། བཅོམ་ལྡན་འདས་ཀྱིས་མདོ་སྡེ་མཛངས་བླུན་ལེའུ་དང་པོ་གསུངས་པའི་ས་ན། ཁྲི་མ་བཤིག་པའི་ས་རུ་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་བུ་ཞིག་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་ཀྱིས་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་པ་དེ་ན། མཆོད་རྟེན་ལྔ་བཞུགས་སོ། །དེའི་དབུས་མ་ལ་སངས་རྒྱས་སྟོང་གི་སྐུ་བཞུགས་སྟེ། དཔངས་འདོམ་གསུམ་ཙམ་མོ། །དེའི་ཟུར་གྱི་མཆོད་རྟེན་བཞི་ལ་འདོམ་རེ་རེ་ཡོད་དོ། །དེར་འགྲོ་བའི་ལམ་ནུབ་ཕྱོགས་ན་ཡོད་པའི་ལམ་ན། ཤིང་ཎ྄ཡ་གྲོ་ཏའི་སྡོང་པོ་ཞིག་ཀྱང་ཡོད། ནུབ་ཕྱོགས་ཀྱི་རྡོའི་ར་བའི་རྒྱབ་ཀྱི་བྱང་ཕྱོགས་སུ་ཉེ་བ་ན། དཔལ་ལྷ་ལས་བབས་པའི་གཞི་ཡི་གན་དྷོ་ལ་འདོམ་ལྔ་ཙམ་པ་དེ་ནང་ན་བཅོམ་ལྡན་འདས་ཀྱི་སྐུ་ཚད་འདོམ་གང་བ་ཞལ་ཤར་དུ་བསྟན་པ་བཞུགས། ཨ་དཀར་བྷོ་དྷིའི་རྩ་འོད་ཟེར་འགྱེད་དུ་བཞུད་པའི་ལམ་གྱི་གཡོན་ཕྱོགས་ན་བཅོམ་ལྡན་འདས་ཀྱི་ཞབས་རྗེས་ཀྱི་སྐུ་ཚད་རྡོའི་པད་མའི་སྟེང་ན་བཞུགས་ཏེ། དེ་ནི་བྲམ་ཟེ་མཆོག་གི་པད་མས་བྱས་པ་ཡིན་ཡང་ཟེར། ནུབ་བྱང་མཚམས་ཀྱི་ནང་ནས་སངས་རྒྱས་ཀྱིས་བཅོ་སྒ་དང༌། སྨན་མར་བསྲེས་པ་གསོལ་བའི་ས་ན་རྡོའི་མཆོད་རྟེན་འདོམ་ཕྱེད་དོ་བ། རྡོ་ཞིག་ལ་བྱས་པ་ཞིག་ཡོད། དགྲ་བཅོམ་པ་གཅིག་གིས་མཛད་པ་ཡིན་ཀྱང་ཟེར། དེ་དང་ཉེ་བའི་ལོགས་ན། བཅོམ་ལྡན་འདས་ཀྱིས་སྨན་ཚ་བ་གསུམ་གསོལ་བའི་ས་ན་མཆོད་རྟེན་དཔངས་སུ་འདོམ་ལྔ་ཙམ་པའི་ནང་ན། བཅོམ་ལྡན་འདས་ཀྱི་སྐུ་ཚད་རྡོ་ལ་བྱས་པ་མི་ཆུང་ཤོས་ཙམ་པ་ཞལ་བྱང་དུ་བསྟན་པ་ཞིག་བཞུགས་ཏེ།