R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།བུ་ཚ་འཁོར་བློ་བྲིད་ཡིན་པར་མ་གོ་ལགས། །འདོད་པ་དུག་གི་ལོ་མ་ཡིན་པར་མ་རྟོགས་སོ། །སྙིང་རྗེ་ཆགས་པར་གྱུར་པས་བདག་བསླུས་སོ། །འདོད་པའི་འདམ་གྱིས་སྡུག་བསྔལ་དྲི་ཡིས་ནོན། །ཉོན་མོངས་དུག་གསུམ་ལས་ངན་རིགས་ཀྱིས་བཏབ། །སྡུག་བསྔལ་ནད་ཀྱིས་བདག་ནི་གཟིར་གྱུར་པས། །འཁོར་བའི་བཙོན་རར་བདག་ཉིད་རང་གིས་བཅིངས། །མ་རིག་མུན་ཐིབས་རྟོག་པའི་དྲྭ་བར་གྱུར། །ད་ནི་བུ་ཚ་གསོ་རིགས་ཇི་ལྟར་བགྱི། །འཕགས་པ་བདག་ནི་འདི་ལྟ་བུ་རུ་གྱུར། །ཅེས་སྨྲེ་སྔགས་བརྗོད་དེ་གསོལ་བ་བཏབ། མཁན་པོ་ལགས། བདག་ནི་སྲིན་མོ་དང་ཁྱིམ་ཐབས་བྱས་པས་བུ་ཚ་མང་པོ་འཕེལ་ནས་མ་སོས་སོ། །བདག་རང་ཡང་སྡུག་བསྔལ་ཉམ་ཐག་ལུས་པོ་ཡང་འདི་ལྟར་ཐལ། དེ་ལ་ཇི་ལྟར་བགྱི་ཞུས་པས། འཕགས་པ་རབ་ཏུ་དགྱེས་ནས་མཁྱེན་བཞིན་དུ་སྤྲེའུ་ལ་རིགས་ཀྱི་བུ་ཁྱོད་འཽངས་སམ་ཞེས་གསུངས་ནས་ལན་ཇི་ལྟར་གྱུར་པ་བསྙད་པ་དང༌། འཕགས་པའི་ཞལ་ནས་ཁྱོད་ཀྱིས་དེ་བཞིན་ལེགས་སོ། །བོད་ཁ་བ་ཅན་གྱི་ཡུལ་འདི་ནི་མུན་པའི་སྨག་རུམ་དང་འདྲ་བ་མི་མ་ཡིན་པས་ཡུལ་ལ་དབང་བྱས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུལ་བྱའི་རྟེན་དུ་མ་གྱུར་པས་ད་ཁྱོད་ཀྱི་རིགས་རྒྱུད་མིར་སྤེལ་ལ་མཐོ་རིས་དང་ཐར་པ་ཐོབ་པར་བྱ་བའི་ཕྱིར་རབ་ཆེད་དུ་ཁྱོད་བཏང་བ་ཡིན་གྱི། ཁྱོད་ང་ལ་མི་མོས་པ་དང་ཐེ་ཚོམ་མ་བྱེད་ཅིག སྡུག་བསྔལ་དུ་མ་སེམས་ཤིག དེ་རྣམས་ངའི་གདུལ་བྱར་གྱུར་གྱི། ཁྱོད་ལ་ཉེས་པ་གཏན་ནས་མེད་ཀྱི་ཐར་པའི་ཆ་དང་མཐུན་ནོ། །ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ནི་རིགས་གཉིས་སུ་འགྱུར་ཏེ། ཕའི་རིགས་སུ་གྱུར་པ་དེ་དག་ནི་དད་པ་ཆེ་བ། ཤེས་རབ་ཆེ་བ། སྙིང་རྗེ་དང་བརྩོན་འགྲུས་ཡོད་པ། ཐབས་མཁས་པས་ཆོས་ཟབ་མོ་སྟོང་པ་ཉིད་ལ་ལྷག་པར་མོས་པའོ། །དགེ་བའི་རྩ་བ་རྒྱ་ཆུང་བས་མི་ངོམ་པས་བློ་རྒྱ་ཆེ་ལ་དགའ། མིག་ཐད་ཀར་ལྟ་བར་མི་ཤེས་པར་ཕར་རིག་ཚུར་ཅིག་བྱེད་པ། ལག་པ་བྱ་བྱེད་མང་ཞིང་འདུག་མི་ཚུགས་པར་ཤིང་ལ་སོགས་པ་ལ་ཏུག་ཏུག་བྱེད་པ་བྱང་ཆུབ་སེམས་དཔའ་བློ་ཆེན་ཞེས་བྱ་བའི་རིགས་སུ་གྱུར་པའོ། །དེ་རྣམས་ལེགས་པར་སྐྱོངས་ཤིག མའི་རིགས་སུ་གྱུར་པ་དེ་དག་ནི་ཤ་དམར་པོ་དང་ཁྲག་དམར་མོ་ལ་དགའ་བ། ཞེ་སྡང་ཆེ་ཞིང་ཁོང་ཁྲོ་ལ་གཏུམ་པ། སྙིང་རྗེ་ཆུང་བ། ཚོང་དང་ཁེ་སྦོགས་ལ་དགའ་བ། ཟས་ནོར་ལ་མིག་ཕྲ་བ། ཀུ་ཅོ་ཆེན་པོ་དང༌། གད་རྒྱངས་ཆེ་བ། ངོ་ལེབ་གསར་འགྲོགས་ཆེ་བ། མཛའ་བོ་ལ་བདག་གིར་སེམས་པ། མིག་སེར་ཆེ་བ། གཞན་གྱི་སྐྱོན་ཐོས་པ་ལ་དགའ་བས་ཤི་ནས་ངན་སོང་འགྲོ་བ། གདོལ་པ་ཤ་ཟན་གྱི་རིགས་སུ་གྱུར་ཏེ་དེ་རྣམས་ཀྱིས་མཐའི་རྒྱལ་ཁམས་འདུལ་བར་འགྱུར་བས་དེ་རྣམས་གསོ་ཞིང་སྐྱོངས་ཤིག ཁྱོད་ཀྱི་བུ་ཚ་རྣམས་ཀྱི་ཟས་སྐལ་འདི་ལ་གྱིས་ཤིག་ཅེས་གསུངས་ནས། ནས་དང༌། གྲོ་དང༌། སོ་བ་དང༌། སྲན་མ་དང༌། ཡུངས་དཀར་རྣམས་སྤྲེའུ་ལ་གནང་ངོ༌། །དེ་ནས་སྤྲེའུ་ཁ་བ་ཅན་དུ་ཆས་པ་དང་འཕགས་པས་སྤྲེའུ་ཁྱིམ་ཐབས་བྱས་པའི་བྱ་དགའ་རུ། གསེར་ཁྱོར་པ་གང་གནང་ནས་ཁ་བ་ཅན་གྱི་རྒྱལ་ཁམས་སུ་གཏོར་ནས་བྱིན་གྱིས་བརླབས་ཏེ་ཀ་བ་ཅན་དུ་དུས་དུས་སུ་རིན་པོ་ཆེ་གསེར་དང་དངུལ་དང་ཟངས་དང་ལྕགས་ཀྱི་གཏེར་ཁ་བྱེ་བར་འགྱུར་རོ། །ལྗགས་ཀྱི་མཆིལ་མ་ཞིག་གཏོར་ནས་བོད་ཡུལ་དུ་དུས་དུས་སུ་བྱང་ཆུབ་སེམས་དཔའ་ཐོད་རྒལ་རེ་བྱོན་པ་དང༌། ཡུལ་ཕྱོགས་གཞན་གྱི་གཏེར་ལོངས་སྤྱོད་ངོ་མཚར་བ་ཐམས་ཅད་བོད་དུ་འབྱུང་བ་དང༌། ཕྱོགས་མཚམས་ཀྱི་ལས་སྒོ་རྣམས་བྱེ་བ་དང༌། འཚོ་བ་དང་ཟང་ཟིང་གི་ལོངས་སྤྱོད་ཐམས་ཅད་རང་བཞིན་དུ་འབྱུང་བར་བྱིན་གྱིས་བརླབས་སོ། །ཁྱོད་ཀྱི་བུ་ཚ་བོ་ཙོ་རིན་པོ་ཆེ་གསེར་གྱིས་འཚོ་བར་འགྱུར་རོ། །སྟོན་པའི་རིང་བསྲེལ་ལ་མཆོད་པ་བྱེད་པ་ལ་རྒྱས་པར་འགྱུར་བ་ཡིན་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྲེའུ་རྫུ་འཕྲུལ་གྱིས་འོངས་ནས་བོད་ཁ་བ་ཅན་གྱི་དབུས་ཕྱོགས་ཤིན་ཏུ་ཉམས་དགའ་བ་བཀྲ་ཤིས་ལ་བྱིན་ཆགས་པའི་ས་གཞི་གཤིན་ལ་འབྲས་བུ་ཐམས་ཅད་སྨིན་པ། ཡུལ་དབུས་བཞེད་པ་སྣ་དགུ་ཚང་བ། རང་བཞིན་གྱིས་ཡོན་ཏན་ཐམས་ཅད་འབྱུང་བ། ཁ་བ་ཅན་གྱི་སྙིང་པོ་ལྟ་བུར་གྱུར་པ་ཡུལ་ཡར་ཀླུང་སོག་ཁར་འཕགས་པས་གནང་བའི་འབྲུ་སྣ་ཐམས་ཅད་བཏབ་པས་དབྱར་ལྷོ་ཕྱོགས་ཙན་ཐང་གི་ནགས་མ་བྱ་ཚོགས་ཅན་དུ་བུ་དང་ཚ་བོ་རྣམས་བསྐྱངས་སོ།